ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་ཚ་ཚ་འུར་འུར་ངང་སྤེལ་བའི་མཚམས་སུ།ན་ནིང་གི་འགྲན་སྡུར་སྐབས་དང་པོས་བཏབ་པའི་ལག་རྩལ་གྱི་ས་བོན་དེ་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་བཞིན་ཡོད། ཚེ་རིང་འགྱུར་མེད་ཀྱིས་ལོ་ངོ་བཅུ་ཕྲག་རིང་སྔོག་འཕྲུལ་འཕྲུལ་ཆས་འགྲོགས་ཅིང་འགྲན་སྡུར་སྐབས་དང་པོའི་སྟེང་ཐོག་མར་ཞུགས་པ་དེས་རང་ཉིད་ཀྱི་མི་ཚེར་ཁ་ཕྱོགས་གསར་པ་ཞིག་ཏུ་བསྒྱུར་མགོ་བརྩམས་པ་མ་ཟད། ཡུལ་མི་སྤུན་ཟླ་ཚོར་ཁྲིད་དེ་ལག་རྩལ་གྱིས་ཕྱུག་པོ་འགྱུར་བའི“ལས་གཏོད་སྣེ་ཁྲིད་པ”ཞིག་དེ་བས་ཀྱང་ཆགས་ཡོད་པ་རེད།
“ང་རང་གིས་སྔོག་འཕྲུལ་འཕྲུལ་ཆས་བཏང་ནས་ལོ་བཅུ་ཕྲག་ཡས་མས་འགོར་སོང་། དེ་སྔོན་ཧྭ་ནན་ཀུང་ཟིར་ལས་ཚོགས་བསྐྱོད་དེ། ནམ་རྒྱུན་འཕྲུལ་ཆས་དང་འབྲེལ་འདྲིས་བྱེད་དགོས་པས་ལག་རྩལ་ཐད་ནས་བྱང་ཆ་ལྡན་ཡོད། ཏག་ཏག‘དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན’ཞེས་པའི་ལས་སྟེགས་དེར་ཞུགས་ནས་གཅིག་ནས་རང་གི་ལག་རྩལ་ཆེ་རུ་གཏོང་ན་འདོད་པ་དང་། གཉིས་ནས་རང་ཉིད་ལ་ཞིབ་བཤེར་ཞིག་བྱས་ན་བསམ་པ་ཡིན”ཞེས་བཤད།
“དོན་ངོ་མ་བཤད་ན། འགྲན་སྡུར་ནི་ནམ་རྒྱུན་དང་མི་འདྲ་བར་སེམས་བརྟན་ཞིང་སེམས་ཁམས་སྙོམས་སྒྲིག་བྱེད་དགོས། མཐར་རང་གིས་རྫོང་རིམ་པའི་བྱ་དགའ་ཨང་དང་པོ་དང་གྲོང་ཁྱེར་རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་པས་སེམས་ཧ་ཅང་དགའ་བྱུང་། དེ་ལས་ཀྱང་དགའ་སྤྲོ་ཆེ་ཤོས་ནི་གྲོང་ཁྱེར་ནང་དུ་འཇོན་ཐང་ཅན་གཞན་དག་དང་ཕན་ཚུན་འགྲན་སྡུར་བྱུང་བ་དེས་ལག་རྩལ་ལ་སྔར་བས་ཡར་ཐོན་བྱུང་སོང་”ཞེས་བཤད།
འགྲན་སྡུར་བྱུང་རྗེས། སྨར་ཁམས་རྫོང་གིས་འོས་སྦྱོར་བྱས་པ་བརྒྱུད། ཁོང་དང་ཆབ་མདོ་པཱ་ཏུག་ལས་རིགས་ལག་རྩལ་གསབ་སྦྱོང་ལྟེ་གནས་བར་གན་རྒྱའི་མིང་རྟགས་བཀོད་དེ་དངོས་སུ་གསབ་སྦྱོང་དགེ་རྒན་གྱུར་བ་རེད།
འབྱུང་འགྱུར་གྱི་ངོས་ནས་བཤད་ན། ཚེ་རིང་འགྱུར་མེད་ལ་འཆར་གཞི་གསར་པ་ཡོད་དེ།“རྗེས་མར་ང་རང་གིས་སྔོག་འཕྲུལ་འཕྲུལ་ཆས་གསབ་སྦྱོང་འཛིན་གྲྭ་ཞིག་སྒྲུབ་ནས་མི་མང་པོ་ཞིག་ལ་ལག་རྩལ་ཁྲིད་ན་འདོད། རང་ཉིད་ཁོ་ན་ཕྱུག་ན་ཕྱུག་པོ་མིན་པར་ཚང་མ་མཉམ་དུ་ཕྱུག་པོ་ཆགས་ན་གཞི་ནས་ཕྱུག་པོ་ཡིན་པ་རེད”ཅེས་བཤད།
ད་ཆ། ཚེ་རིང་འགྱུར་མེད་ཀྱི་སློབ་ཚན་འཚོགས་རིང་ཉིན་རེའི་གླ་ཆ་སྒོར400ཟིན་པ་དང་། ཁོང་རང་ཉིད་ཀྱི་ཉམས་མྱོང་ལས་ང་ཚོར་ལག་རྩལ་ནི་མ་རྩ་ཡིན་ལ། ལག་ཤེས་ནི་རྒྱུ་ནོར་ཡིན་པ་བཤད་ཡོད།
འགྲན་སྡུར་སྐབས་དང་པོ་སྤེལ་བའི་ཚུན་དུ། སྨར་ཁམས་རྫོང་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྱོན་ཞིང་འབྲོག་པའི་ལག་རྩལ་ཤེས་ལྡན་པ758གསོ་སྐྱོང་བྱས་པ་ལས། མི187གྱིས་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ལས་ཞུགས་དང་ལས་གཏོད་མངོན་འགྱུར་བྱུང་ཐུབ་ཡོད།

