འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6ཚེས་30ཉིན་གྱི་སྔ་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།
སྔ་དྲོའི་ཆུ་ཚོད9དང་སྐར་མ30ཐོག་ཚོགས་ཆེན་འགོ་ཚུགས་པ་དང་། ཚོགས་ཞུགས་མི་སྣ་ཡོངས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བཏང་བ་རེད། ཚོགས་ཆེན་ཐོག་ཕེབས་དགོས་པའི་འཐུས་མི་249ཡོད་པ་ལས་དངོས་སུ་མི190འབྱོར་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཀྲོང་ཅིན་སུང་དང་། ཆི་དབྱིན་ཧའེ། བློ་བཟང་ཡེ་ཤེས། ཀྲང་ཝུན་ཧྲེང་། སྒྲོལ་དཀར། བསོད་ནམས་དར་རྒྱས། ཡེ་ཤེས་ཆོས་འཕེལ། བློ་བཟང་རྒྱལ་མཚན། པད་མ་བཀྲ་ཤིས། མའོ་ཀང་སོགས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་རེད།
ལའོ་ཆིན་འུའུ་དང་། ལིས་ཡུའེ་ཧུང་། ལིས་ཧྲུའུ་གོ། ཧུང་གོ་ཅན། དངོས་གྲུབ་ཟླ་བ། ཝང་ཧྲི་ཡུས། ཅཱ་ཤིན་ཡུས། གཤེ་ཝུན་ཀོང་། ཝུའུ་ཅན། ཝེ་ཝུན་ནན། ཅང་ཅན་ཕིང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཆི་དབྱིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)གསལ་བཤད་གནང་བ་རེད།
ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུ་ཡིས་ཐེངས་འདིའི་ཚོགས་ཆེན་ནི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅོ་ལྔ་པ་དང་བཅུ་དྲུག་པའི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “ལོ་ལྔ་ཚན་བཅོ་ལྔ་པའི”རྒྱང་ལམ་གསར་པ་ཧུར་ཐག་འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚོགས་འདུ་ཡིས་ཞིབ་བཤེར་ཆོག་མཆན་ཐོབ་པའི《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད》ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་པའི་ལོ་ལྔའི་རིང་གི་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ཐབས་ལམ་འཆར་འགོད་བྱས་པ་དང་། དེ་ནི་གྲོང་ཁྱེར་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྤྱིའི་རྩ་གནད་དང་གཞི་འཛིན་ས་གཙོ་བོ་ཞིག་ཡིན་ལ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དཀའ་སྤྱད་མདུན་སྐྱོད་བྱེད་པའི་ཐུན་མོང་གི་བྱ་སྤྱོད་ཕྱོགས་སྟོན་ཞིག་ཀྱང་ཡིན་ཞེས་བསྟན།
ཚོགས་འདུ་ཡིས་འཐུས་མི་ཡོངས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བའི་ཡར་བརྩོན་གྱི་རྒྱང་ལམ་ཐོག་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་སྟོན་དགོས། གཅིག་ནས་ཟབ་སྦྱོང་མཐིལ་རྟོགས་ཡོང་བའི་ཐད་མིག་དཔེ་བསྟན་ནས་འཆར་འགོད་རྩ་གནད“ཤེས་རྟོགས་མཁན”ཞིག་བྱེད་དགོས། གཉིས་ནས་དྲིལ་བསྒྲགས་རྒྱ་ཁྱབ་གཏོང་བའི་ཐད་མིག་དཔེ་བསྟན་ནས་འཆར་འགོད་རྩ་གནད“སྒྲོག་འགྲེལ་མཁན”ཞིག་བྱེད་དགོས།གསུམ་ནས་ཁྲིམས་ལྟར་ལྟ་སྐུལ་བྱེད་པའི་ཐད་མིག་དཔེ་བསྟན་ནས་འཆར་འགོད་རྩ་གནད“ལྟ་སྐུལ་པ”ཞིག་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུ་ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། གྲོང་ཨུད་ཀྱི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས་དང་། ཆུའི་ཐིགས་པས་བྲག་ལ་ཁུང་བུ་རྟོལ་བའི་སྙིང་སྟོབས། སྔོན་དུ་སླེབས་ཕོད་པའི་གདོང་མཆོང་ངར་ཤུགས་ལ་བརྟེན་ནས་གསར་འབྱེད་ཡར་བརྩོན་དང་། དཀའ་སྤྱད་ལས་སྒྲུབ་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་བྱས་ཏེ། “ཐམས་ཅད་ཤར་ལ་ཕྱོགས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པའི”ལས་དོན་དམིགས་ཚད་མགྱོགས་མྱུར་ངང་མངོན་འགྱུར་ཡོང་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཚོགས་འདུ་འཚོགས་རིང་། འཐུས་ཚབ་ཚོགས་པ་ཁག་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་འཆར་ཟིན་དང་དེ་བཞིན་གྲོས་ཆོད་ཀྱི་འཆར་ཟིན་ལ་ཞིབ་བཤེར་བྱས་ཡོད་པ་རེད།
ཆབ་མདོར་ཡོད་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་ཁ་ཤས་དང་། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་འཐུས་མི་མིན་པའི་གྲོང་ཁྱེར(ཀྲུང་དབྱང་དང་ལྗོངས)ཐད་གཏོགས་ཚན་པ་དང་། མི་དམངས་ཚོགས་པ། ཆབ་མདོར་ཡོད་པའི་ཁེ་ལས་ཁ་ཤས་བཅས་ཀྱི་འགན་འཁུར་བ་ཁག་ཅིག་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

