འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6པའི་ཚེས་29ཉིན། ཆབ་མདོ་གྲོང་ཁྱེར་གྱིས་ཏང་དབུ་བརྙེས་ནས་ལོ་105འཁོར་བར་བསུ་བ་ཞུ་བའི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ཉམས་བཟང་འགྲེམས་སྟོན་སྐོར་གྱི་རིག་རྩལ་འཁྲབ་སྟོན་བྱས་པ་རེད། གླུ་གཞས་དང་། ཞབས་བྲོ། ཁ་ཤགས། གཏམ་བརྗོད་ཐུང་ངུ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བརྒྱུད་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིས་དམངས་ཆེད་འགན་འཁྲི་སྒྲུབ་པའི་ཐོག་མའི་བསམ་འདུན་དང་ཆབ་མདོའི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་རྣམ་པ་གསར་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།
འཁྲབ་སྟོན་བྱེད་སྒོ་དེ་གླུ་གཞས《སྤྱི་ཁྱབ་ཧྲུའུ་ཅི་ལགས། བཀྲ་ཤིས་བདེ་ལེགས》ཞེས་པའི་ནང་འགོ་ཚུགས་པ་རེད། དེ་རྗེས་སྐོར་བྲོ་དང་། སྙན་ངག་གྱེར་འདོན། ཁ་ཤགས། གཏམ་བརྗོད་ཐུང་ངུ་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་པས་ཆབ་མདོའི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དང་ཇ་རྟའི་གནའ་ལམ་གྱི་རྟགས་མཚན་མངོན་པ་མ་ཟད། གཞི་རིམ་གྱི་འཐུས་མི་ཡིས་འཐབ་ཕྱོགས་དང་པོར་གཞི་ཚུགས་ཏེ་དམངས་འཚོར་ཞབས་འདེགས་ཞུ་བའི་དྲོ་སྐྱིད་སྦྱིན་པའི་རྣམ་པ་དེ་བས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།
འཁྲབ་སྟོན་ཧྲིལ་པོར་མི་རིགས་མཐུན་སྒྲིལ་དང་དམངས་ཆེད་འགན་འཁྲི་སྒྲུབ་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་ངང་མཉམ་དུ་གནས་པའི་མཛེས་སྡུག་ལྡན་པའི་རྣམ་པ་དང་རྒྱལ་ལམ་318ཐོག་གི་ལྟ་རེས་སྐྱོང་རེས་ཀྱི་ཡ་རབས་ལུགས་སྲོལ་དག་ལྷུག་པོར་གླེང་བ་རེད། མཇུག་ཏུ་མཉམ་གཞས་དང་རལ་པའི་ཞབས་བྲོའི་འགྱུར་ཁུག་ཁྲོད་དུ་འཁྲབ་སྟོན་པ་ཡོངས་ཀྱིས《དུས་རབས་གསར་པར་ཁ་བཏགས་འབུལ》ཞེས་པའི་གླུ་དབྱངས་བླངས་ནས་དུས་རབས་གསར་པའི་ཆབ་མདོའི་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་ལ་བརྩེ་སེམས་ཟབ་མོས་བསྟོད་པ་འབུལ་བ་རེད།

