འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས28ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཏང་ཡོན་གྱི་འཐུས་མིར་འཚམས་འདྲི་བྱས་པར་མ་ཟད་གྲོང་ཨུད་ཀྱི་ཚབ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་ཡོད་པ་རེད།
ལོ་བརྒྱའི་ཇུས་ཆེན་སློབ་གསོར་ཐུག་པ་དང་། སློབ་གསོའི་ཇུས་ཆེན་ནི་དགེ་རྒན་དཔུང་ཁག་ལ་ཐུག་ཡོད། ཀྲོང་ཅིན་སུང་དགེ་རྒན་ལིས་ཅོན་གྱི་ཁྱིམ་དུ་བསྐྱོད་དེ་ལས་དོན་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ཁོས་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དང་སློབ་གསོའི་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་དེ་བས་མང་བའི་ཤེས་ལྡན་པ་དང་རྐང་འཛིན་མི་སྣ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད། ཀྲོང་ཅིན་སུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་དགེ་རྒན་ལ་ཐུགས་ཁུར་བྱས་ཏེ་དགེ་བཀུར་སློབ་གཅེས་དར་ཁྱབ་ཧུར་ཐག་གཏོང་དགོས་ཅེས་བསྟན།
“ཟླ་རེར་ཡོང་འབབ་ག་ཚོད་ཡོད་དམ། ཁྱིམ་ཚང་ནང་དཀའ་ངལ་ཡོད་དམ།”ཀྲོང་ཅིན་སུང་གིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་བྱམས་པ་ལྷ་མོ་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། མོས་དཀའ་སྤྱད་སྡུག་རུས་དང་ལས་དོན་ཧུར་ཐག་གིས་བསྒྲུབ་ཏེ་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་དུ་འཇུག་རྒྱུའི་སྐུལ་ལྕག་བཏང་ཡོད། ཀྲོང་ཅིན་སུང་གིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་བདེ་སྡུག་སེམས་སུ་བཅངས་ཏེ་འདོད་འདུན་མང་ཙམ་ཉན་པ་དང་། རོགས་སྐྱོབ་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ཁོ་ཚོས་རྩ་འཛུགས་ཀྱི་དྲོད་ཁོལ་དང་ཐུགས་ཁུར་ཏན་ཏིག་ཚོར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་དང་། བོད་དུ་ཏང་དྲིན་གྱིས་བསྐྱངས་སྔ་ཤོས་ཀྱི་ས་ཆ་ཡིན་པས། དམར་མདངས་ནི་ཆབ་མདོའི་བློ་དཀར་ཆེ་ཤོས་ཀྱི་གཞི་མདོག་ཡིན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བཅས་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བའི་ཐོག་ནས་ལས་སྒྲུབ་ལས་གཏོད་ལ་ཁྲིད་སྟོན་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དགོས་པའི་ནན་བཤད་གནང་ཡོད།

