国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月30日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་25ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་གནང་ཡོད་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པས་ང་ཚོས་ཤར་ནུབ་རྒྱུད་ཀྱི་རོགས་ལས་ཟབ་ཏུ་གཏོང་བ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་གཞི་འཛིན་ས་དང་ཁྲིད་སྟོན་མཁོ་འདོན་བྱས་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་གཏིང་ཟབ་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སོགས་ཀྱི་ནང་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད།གྲོང་ཁྱེར་ཡོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ། སློབ་སྦྱོང་སློབ་གསོ་བཅས་ཀྱི་ལས་དོན་གནས་ཚུལ་སྙན་སེང་གསན་པ་རེད།ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་།རིམ་པ་དང་ཚོགས་རིགས་དབྱེ་ནས་གླེང་བ།ཚད་གཞི་དང་བསྟུན་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ105འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་མ་ཟད།བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་འཇུག་གནང་ཞིང་།ཐོག་མཐའ་བར་གསུམ་དུ“མི་དམངས་གོང་དུ་བཀུར་བ་དང་།ཚེ་སྲོག་གོང་དུ་བཀུར་རྒྱུ”མཐའ་འཁྱོངས་བྱེད་པ་དང་། བསླབ་བྱ་དང་ལེན་དང་གྱོད་གཞི་མེ་ལོང་དུ་འཛིན་པ་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། ལྟ་སྐུལ་ཞིབ་བཤེར་ནན་པོ།དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་གསང་སྲུང་ལས་ཀའི་གནས་ཚུལ་སྙན་སེང་ལ་གསན་ནས་གསང་སྲུང་འགན་འཁྲི་དོན་འཁྱོལ་ནན་པོ་དང་། དོ་དམ་ཚོད་འཛིན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། གསང་སྲུང་ལས་ཀའི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།