འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས22ཉིན། ཆབ་མདོ་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཉེ་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ། བདེ་འཇགས་བཅོས་སྒྲིག་གི་ལས་འགན་གཙོ་བོ་བཀོད་སྒྲིག་བཅས་བྱས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཧྲེ་ཀྲང་གཞོན་པ་ཐོགས་མེད་ཤེས་རབ་དང་ཀའོ་ཞུའོ་ཏུང་ཚོགས་འདུ་ཞུགས་པ། འབྲེལ་ཡོད་ཚན་པ་དང་རྫོང(ཆུས)དང་ཁེ་ལས་བཅས་ཀྱི་འཐུས་མིས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་ཡོད།
ལའོ་ཆིན་འུའུ་ཡིས་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དེ་འགག་རྩའི་སྔོན་འགོག་དང་ཚོད་འཛིན་གྱི་དུས་སྐབས་སུ་གནས་ཡོད་པ་དང་། ཉེན་ཁ་བྱུར་རྐྱེན་རིགས་རིམ་བརྩེགས་རིམ་སྣོན་དང་བདེ་འཇགས་གནས་བབ་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེན་པོ་ཡོད། རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། གྱོད་དཔེ་མེ་ལོང་དུ་འཛིན་པ་དང་ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་སྤེལ་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོར་སྲུང་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཏན་ཏིག་གིས་སྲུང་སྐྱོབ་བྱེད་དགོས། རྡོ་སོལ་གཏེར་ཁ་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ་ཀྲུང་དབྱང་ལྟ་ཞིབ་ཀྱིས་ཚུར་ལན་སྤྲད་པའི་གནད་དོན་རེ་རེ་བཞིན་དུ་དག་ཐེར་བྱེད་དགོས། ས་གཤིས་ཀྱི་གནོད་སྐྱོན་འགོག་ཟོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་འཁོར་སྐྱོད་ཀྱི་ལྟ་སྐུལ། རིག་གནས་ཡུལ་སྐོར་ལྗོངས་ཁུལ་གྱི་སྒྲིག་ཆས་དོ་དམ་སྲུང་སྐྱོབ། ཉེན་ཁ་ཆེ་བའི་དངོས་རྫས་སྐྱེལ་འདྲེན་ཚོད་འཛིན། སློབ་གྲྭའི་བདེ་འཇགས་འགོག་ཟོན་དང་སྲུང་སྐྱོབ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ཏེ། འགོག་ཟོན་དོ་དམ་བྱ་ཐབས་ཞིབ་ཕྲ་གཏོང་བ་དང་། ལས་རིགས་ཀྱི་འཁོར་སྐྱོད་ཚད་ལྡན་དུ་བཏང་ནས་བདེ་འཇགས་ཉེན་ཁའི་རིགས་རྩ་བ་ནས་མེད་པར་བཟོ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། སྤྱོད་ཚུལ་འཛུགས་སྐྱོང་དང་ལམ་ལུགས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་ནས་འགན་འཁྲི་གཙོ་བོ་ཏན་ཏིག་འཁུར་དགོས།མང་ཚོགས་ཀྱི་བདེ་འཇགས་འགོག་ཟོན་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་། ཚང་མ་ཞུགས་པ་དང་། ཁྱོན་ཡོངས་ཁྱབ་པ།བརྒྱུད་རིམ་ཧྲིལ་བོར་དོ་དམ་ཚོད་འཛིན་བཅས་ཀྱི་བདེ་འཇགས་འགོག་ཟོན་གྱི་མ་ལག་བསྐྲུན་ཏེ་ཉམས་སད་ཐེག་ཐུབ་པའི་ལས་ཀའི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་བདེ་འཇགས་འཕེལ་རྒྱས་ཀྱི་འགོག་ར་བརྟན་པོ་བསྐྲུན་དགོས་ཅེས་བསྟན།

