国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月29日

གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཡོངས་བསྒྲགས་ཚོགས་འདུ་ལྟ་ཉན་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ད་ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་6ཚེས་24ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཉིན་དེའི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་ལས་བཟོ་པ་ཡོངས་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐད་གཏོང་ལ་ལྟ་ཉན་བྱས་པ་རེད། ལྟ་ཉན་ཡུལ་དངོས་སུ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་ལས་བཟོ་པ་ཡོངས་ཀྱིས་ནན་ཏན་གསན་ཞོར་དུ་ཟིན་བྲིས་འབྲི་བ་དང་། བགྲོ་གླེང་སྤེལ་རེས་བྱེད་པ། ཡོངས་བསྒྲགས་ཚོགས་འདུའི་ནང་དོན་གསལ་འགྲེལ་ལ་བསྡུར་བ་གཏོང་བ། རང་ཉིད་ཀྱི་ལས་དོན་དང་འབྲེལ་ཏེ་བསམ་གཞིག་བྱེད་པ་དང་། ཚང་མས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ནི་རང་རེའི་ཏང་གིས་དུས་རབས་གསར་པའི་མི་རིགས་སྲིད་ཇུས་དེ་བཅའ་ཁྲིམས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བསྒྱུར་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད་ཅེས་གཅིག་མཐུད་གཉིས་མཐུད་ངང་བཤད།

གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་དང་། ཁྲིམས་སྐྱོང་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སོགས་གཞི་རྟེན་དུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དེ་ཚན་པ་དང་། ཤང་གྲོང་། སློབ་གྲྭ། སྡེ་ཁུལ། ཁེ་ལས། དྲ་རྒྱ་བཅས་སུ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། དོན་དག་འཕྲད་ན་ཁྲིམས་ལ་བརྟེན་པ་དང་། གནད་དོན་ཐག་གཅོད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་འདུམ་སྐབས་ཁྲིམས་ལ་བརྟེན་པའི་རྣམ་པ་བཟང་པོ་ཆགས་པར་བྱས་ཏེ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་རྒྱུ་ཡིན།