འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས15ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་ཆེད་དོན་སློབ་སྦྱོང་བྱས་ཡོད།
ཚོགས་འདུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་རྒྱ་ཆེ་ལ་གཏིང་ཟབ་པས། དེ་ནི་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་ཤིག་ཡིན། རིམ་པ་ཁག་དང་ཚན་པ་ཁག་གིས “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། དམངས་ཀྱི་དོ་ཁུར་སེམས་སུ་ཉར་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལ་བརྟེན་ནས་ཆབ་མདོའི་སྐྱེ་ཁམས་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བས་མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་མདུན་གྲལ་དུ་སླེབས་ཐུབ་པ་དང་མིག་དཔེ་སྟོན་དགོས་ཅེས་བསྟན།
ཚོགས་འདུ་ཡིས་གནད་དོན་དག་ཐེར་བྱེད་པའི་འགན་འཁྲི་ལྷུར་ལེན་པར་དམ་འཛིན་བྱེད་དགོས་ཤིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ཚུར་ལེན་སྤྲད་པའི་གནད་དོན་དག་ཐེར་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། སྔ་སྡུག་ཕྱི་བསམ་དང་དོན་དངོས་དག་ཐེར། ཟུར་བསྟན་ལེབ་མཐོང་། རྩ་ལག་མཉམ་བཅོས་ཀྱིས་ཤུགས་རྐྱེན་ངན་པ་སེལ་ནས་ཆབ་མདོའི་སྣང་བརྙན་བསྐྲུན་དགོས།
སྐྱེ་ཁམས་བཅོས་སྐྱོང་གི་རྨང་གཞིར་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་དང་།སྐྱེ་ཁམས་བདེ་འཇགས་ཉེན་ཁ་ཆེན་པོ་ཞིབ་གཅོད་དཔྱད་དཔོག་དང་།ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འཕྲལ་སྡོམ་ཐག་གཅོད་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕོ་འགྱུར་གཏོང་བའི་རྩ་བཅོས་ལ་སྐུལ་འདེད་གཏོང་དགོས་ཤིང་།“3+1+1”ལས་དོན་ཁག་ལྔར་དམིགས་ཏེ་ལྗང་མདོག་ཐོན་ལས་འབྲེལ་ཐག་ཆེ་རུ་གཏོང་བ་དང་ལྗང་གློག་འཛད་སྤྱོད་གཞི་ཁྱོན་སྟོབས་ཆེར་བཏང་ནས་ཐཱན་མེད་གྲོང་ཁྱེར་གཏོད་དེ་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་ཐུབ་པ་བྱེད་དགོས། སྐྱེ་ཁམས་ཀྱི་མཁོ་སྤྲོད་དམངས་ཕན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གནམ་སྔོན་ཆུ་དྭངས་དང་ས་གཙང་གི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་པ་དང་ཁོངས་ཡོངས“སྙིགས་མེད་གྲོང་ཁྱེར”བསྐྲུན་པ།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོའི་སྟེགས་བུ་སྤྱད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་རེག་ཚོར་ཐུབ་པ་བྱེད་དགོས། ཚན་རྩལ་གསར་འབྱེད་ཀྱི་ཤེས་རིག་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་གྲངས་འཛིན་ཅན་གྱི་ཚན་རྩལ་ཞིབ་འཇུག་བྱ་རྒྱུར་ཆེ་རུ་གཏོང་བ་དང་། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ལྗང་མདོག་ཤེས་རིག་གྲངས་འཛིན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

