འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་6པའི་ཚེས་15ཉིན།རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་།རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་གཏམ་རྒྱུད་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཆབ་མདོར་སྤེལ་བ་རེད།རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་གཏམ་རྒྱུད་ཀྱི་ཕུལ་བྱུང་སྒྲོག་འགྲེལ་པ་རྣམས་རིམ་པ་བཞིན་གར་སྟེགས་ཐོག་ཕེབས་ནས་ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོར་སེམས་འགུལ་ཚད་མེད་ཐེབས་ཅིང་འབད་འབུངས་ཡར་བརྩོན་བྱེད་པའི་སྙིང་སྟོབས་ཤིག་སྟེར་ཡོད་པ་རེད། རྒྱང་སྐྱོད་ལམ་བུར་ཐོབ་པའི་གཟི་བརྗིད་མཚན་སྙན་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བློ་སྟོབས་ཆེན་པོའི་བར་དང་།དབུལ་སྒྲོལ་འགག་སྒྲོལ་གྱི་ལང་ཚོའི་རྒྱུགས་ལན་ནས་འཛམ་གླིང་ཡང་རྩེའི་སྐར་ལྔའི་དར་དམར་བར་གྱི་སྤྱིར་བཏང་མིན་པའི་ལོ་ཟླ་རྣམས་སྒྲོག་འགྲེལ་པས་རིམ་པ་བཞིན་བརྩེ་སེམས་ཟབ་མོའི་ངང་ནས་ཕྱིར་དྲན་བྱས་པས་ལྟད་མོ་ལྟ་མཁན་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ནི་གསར་བརྗེའི་རིག་གནས་ཀྱི་གཅིག་སྡུད་འགྲེམས་སྟོན་ཞིག་ཡིན་པ་མ་ཟད། ཏང་གཤིས་ཀྱི་སློབ་གསོ་དང་བསམ་བློའི་ཉམས་སད་གཏིང་ཟབ་ཅིག་དེ་བས་ཀྱང་རེད། མི་ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྔར་བས་བརྟན་པའི་ཕུགས་བསམ་དད་སེམས་དང་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྗེས་མཐུད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

