ཁུ་སིམ་མེར་ཐང་ག་འབྲི་མཁན་ཞིག་ནས་ཆིན་ཧྭ་གསབ་སྦྱོང་བསྐྱོད་པའི་ན་གཞོན་ལས་གཏོད་པའི་བར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་རིན་ཆེན་རྡོ་རྗེ་ཡིས་འགྲན་སྡུར་ཐེངས་གཅིག་གི་དུས་ཚོད་ལས་བེད་སྤྱོད་བཏང་མེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་ཐང་ག་འབྲི་བའི་རྩལ་ནུས་འགྲན་སྡུར་སྐབས་དང་པོའི་ཁྲོད་གྲོང་ཁྱེར་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་རྗེས། དུས་དེ་ནས་བཟུང་ལོ་ངོ་ཉི་ཤུ་ལྷག་ལ་ཐང་ག་འབྲི་མཁན་ཁོང་ཉིད་ཀྱི་མི་ཚེའི་ཕྱོགས་ཡོངས་ནས་ཁ་ལོ་བསྒྱུར་མགོ་ཚུགས་པ་རེད།
2005ལོར། རིན་ཆེན་རྡོ་རྗེ་ཡིས་ཐང་ག་འབྲི་མགོ་བརྩམས་ཤིང་། ལོ་དེར་ཁོང་གོ་འཇོ་རྫོང་སློབ་འབྲིང་ལས་རིགས་སློབ་གསོའི་ལྟེ་གནས་སུ་ཐང་ག་འབྲི་སྦྱོང་ལ་སློབ་སྦྱོང་བྱས་པ་རེད། 2009ལོར་སློབ་གྲྭ་ཐོན་རྗེས་ཁོང་ཉིད་དངོས་སུ་ཐང་གའི་ལྷ་རིས་པར་གྱུར་བ་རེད། 2019ལོར་ཁོང་གི་བརྩམས་ཆོས
《སློབ་དཔོན་པདྨ་འབྱུང་གནས་དང་རྗེ་འབངས་ཉེར་ལྔ》ཞེས་པར་གོ་འཇོ་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་ཐང་ག་དངོས་སྦྱོང་རྟེན་གཞིའི་ཕུལ་བྱུང་ལྷ་རིས་པའི་མཚན་སྙན་ཐོབ།
“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་སྐབས་དང་པོའི་རབ་དང་རིམ་པའི་འགྲན་སྡུར་དེས་ཁོང་གི་ཕུགས་བསམ་གྱི་རྨི་ལམ་མངོན་འགྱུར་བྱེད་མགོ་བརྩམས་པ་རེད། 2025ལོར། ཁོང་ཉིད་ཐང་ག་འབྲི་བའི་རྩལ་ནུས་འགྲན་སྡུར་ནང་ཞུགས་ཏེ་གོ་འཇོ་རྫོང་གི་རྫོང་རིམ་པའི་བསྐྱར་འགྲན་ནང་བྱ་དགའ་ཨང་དང་པོ་ཐོབ་པ་དང་ དེ་དང་ཆབས་ཅིག་ཏུ་གྲོང་ཁྱེར་རིམ་པའི་རྟིང་རྩོད་འགྲན་སྡུར་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
འགྲན་སྡུར་གྱི་མཚན་སྙན་དང་ཕུལ་བྱུང་གི་རྣམ་འགྱུར་ཐོག་ནས་རིན་ཆེན་རྡོ་རྗེ་ཁ་རྒྱུགས་བདེ་བླག་བྱུང་ནས་ཆིན་ཧྭ་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་བྱུང་བ་རེད།“ང་རང་པེ་ཅིན་དུ་ཉིན་བཅུ་ལྷག་གི་རིང་ལ་གསབ་སྦྱོང་བྱ་རྒྱུ་བྱུང་བ་མ་ཟད། ད་དུང་སྒོར་ཁྲི6གི་ལས་གཏོད་མ་དངུལ་རོགས་སྐྱོར་ཐོབ་པ་རེད”རིན་ཆེན་རྡོ་རྗེ་ཡིས་གསར་འགོད་པར་དེ་ལྟར་བཤད།
ཐང་ག་འགྲན་སྡུར་ལས་གཞན། རིན་ཆེན་རྡོ་རྗེ་ད་དུང“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་ཁ་པར་བརྙན་ལེན་དང་བརྙན་ཐུང་འགྲན་སྡུར་ནང་ཞུགས་པ་རེད། ཁོང་གིས“བརྙན་ཐུང་འགྲན་སྡུར་ནང་ང་རང་ལ་བྱ་དགའ་ཨང་དང་པོ་ཐོབ་པས་སེམས་པ་ཧ་ཅང་དགའ་བྱུང་། ཐང་ག་དང་བརྙན་ཐུང་རྩ་བའི་ཆ་ནས་མི་འདྲ་མོད། ཡིན་ནའང་ཚང་མ་ཕ་ཡུལ་ཟིན་ཐོ་འགོད་པ་དང་མཛེས་སྡུག་རྒྱུད་འཛིན་བྱ་རྒྱུ་དེ་རེད”ཅེས་བཤད།
ཁོང་གི་ཉམས་མྱོང་དངོས་ལས། “དམར་མདངས་ཆབ་མདོ”ནི་མཚན་སྙན་ཐོབ་པ་ཙམ་མ་ཡིན་པར་དེ་ནི་མངོན་མིན་རིག་གནས་ཤུལ་བཞག་བཟོ་བོའི་འབབ་འཕར་ཕྱུག་འགྱུར་དང་འཚར་ལོངས་ཡོང་བའི་སྟོབས་ཤུགས་ཆེན་པོའི་སྣེ་ཁྲིད་ཤིག་དེ་བས་ཀྱང་ཡིན་པས། སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་གྱིས་དུས་རབས་གསར་པར་འོད་སྟོང་ལྡན་པར་བྱེད་པ་ར་སྤྲོད་བྱས་ཡོད།

