国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月16日

གོ་འཇོ་རྫོང་གིས།

རིགས་གཞུང་སྒྲོག་འགྲེལ་འགྲན་སྡུར་གྱི་གྲུབ་འབྲས་ཀྱིས་ཕྲུ་གུའི་སེམས་ཁམས་ལེགས་པར་བསྐྱངས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གོ་འཇོ་རྫོང་གིས་རིགས་གཞུང་སྒྲོག་འགྲེལ་གྲུབ་འབྲས་ལེགས་སྒྱུར་ཐད་མི་སེམས་འགུལ་ཞིང་དོན་སྙིང་ལྡན་པའི་ཚོད་ལྟ་བྱས་པ་དང་།དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་སྐབས་གཉིས་པའི་རྫོང་རིམ་པའི་བསྐྱར་འགྲན་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་གྲྭར་གདན་དྲངས་ཏེ་ཕྲུ་གུ་ཚོར་དམིགས་བསལ་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཁྲིད་དེ་རིགས་གཞུང་སྒྲོག་འགྲེལ་གྲུབ་འབྲས་ཀྱིས་བསམ་བློ་ཆབ་སྲིད་མི་སྐྱོང་ཕན་འབྲས་རྒྱུན་མཐུད་ལེགས་སྒྱུར་བྱེད་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཡོད།

ཉེ་ཆར། གོ་འཇོ་རྫོང“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”རིགས་གཞུང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་སྐབས་གཉིས་པའི་རྫོང་རིམ་པའི་བསྐྱར་འགྲན་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་སྟེ་ལྷ་རྒྱལ་ཤང་ཡར་མ་གྲོང་གྲོང་ཚོའི་གྲོང་མི་ཚེ་དབང་འགྱུར་མེད་ཀྱིས་རྫོང་སློབ་ཆུང་དང་རྫོང་སློབ་འབྲིང་དུ་བསྐྱོད་དེ་དགེ་སློབ300ལྷག་ལ་རྣམ་པ་གསར་རྐྱང་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཚོགས་ཡོད།

ཞོགས་པ་སྔ་མོ། གོ་འཇོ་རྫོང་སློབ་ཆུང་གི་སློབ་ཁང་ནང་ཉི་འོད་རབ་ཏུ་འཕྲོས་པ་དང་ནག་པང་ཐོག་ཏུ“དམར་མདངས་ཆབ་མདོ། གཏམ་རྒྱུད་བཤད་དེ་བླ་སྲོག་གཏོད”ཅེས་པའི་ཡིག་འབྲུ་དེ་དག་མངོན་པར་གསལ་ཞིང་ཕྲུ་གུ་ཚོ་རང་རང་གི་འདུག་སྟེགས་ཐོག་བསྡད་དེ་མིག་ཟུང་ལ་རེ་སྒུག་གིས་ཁེངས་ཡོད།ཚེ་དབང་འགྱུར་མེད་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་གོམ་སྟབས་ཡངས་མོས་ཁྲིད་སྟེགས་ཐོག་བུད་དེ་གད་མོ་དགོད་ཞོར་དུ“སློབ་གྲོགས་ཚོ།ངའི་མིང་ལ་ཚེ་དབང་འགྱུར་མེད་ཟེར།ལྷ་རྒྱལ་ཤང་ཡར་མ་གྲོང་གྲོང་ཚོའི་མི་ཡིན།དེ་རིང་ངས་ང་ཚོའི་ཕ་ཡུལ་གྱི་གཏམ་རྒྱུད་ཅིག་ཚང་མར་བརྗོད་ན་འདོད”ཅེས་བཤད་མགོ་བརྩམས།

ཁོང་གིས“འདུ་ཤེས་གསུམ་གྱི་སློབ་གསོ”དང་། “མོས་སེམས་ལྔ”བཅས་ཀྱི་སྤྱི་མཚན་གྱི་གོ་དོན་དང་ཕ་ཡུལ་གྱི་དོན་དངོས་འགྱུར་ལྡོག་ཕན་ཚུན་ཟུང་དུ་འབྲེལ་ཏེ་ཕ་ཡུལ་གྱི་ལམ་ནི་ཇི་ལྟར་ཤར་གཏོང་ཐུབ་པ་དང་། ཁང་པ་ཇི་ལྟར་གསར་སྒྱུར། འཚོ་བ་ཇི་ལྟར་བདེ་སྐྱིད་ལྡན་པ་འགྱུར་བ་སོགས་གླེང་ཡོད།