国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月16日

2026ལོའི་ཆབ་མདོའི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆེར་གཏོང་ཟླ་བའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ6པའི་ཚེས12ཉིན་གྱི་སྔ་དྲོ། གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་གྲོང་ཨུད་གཞུང་དོན་ཁང་དང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་། གྲོང་ཁྱེར་སློབ་གསོ་ཅུས་སོགས་ཚན་པ19དང་མཉམ་འབྲེལ་ཐོག་བཅིངས་འགྲོལ་ཐང་ཆེན་དུ2026ལོའི་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆེར་གཏོང་ཟླ་བའི་བྱེད་སྒོ་སྤེལ་བ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དངོས་གྲུབ་ཟླ་བ་བྱེད་སྒོ་ནང་ཞུགས་ཡོད།

དངོས་གྲུབ་ཟླ་བ་ཡིས་དམངས་ཡོངས་ཀྱི་གྲངས་འཛིན་བྱང་ཚད་དང་རྩལ་ནུས་ཆེ་རུ་གཏོང་རྒྱུ་ནི་གྲངས་འཛིན་ཅན་གྱི་དུས་རབས་འཕེལ་རྒྱས་དང་འཚམ་པའི་ལས་དོན་གལ་ཆེན་ཞིག་ཡིན་ལ། མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བ་དང་། ལས་ཞུགས་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་བཅས་དང་འབྲེལ་ཡོད་པས། ཚན་པ་ཁག་གིས་རང་ངོས་ཀྱི་འགན་འཁྲིར་གཞི་ཚུགས་པ་དང་། ཐེངས་འདིའི་བྱེད་སྒོ་བརྟེན་ནས་གྲངས་འཛིན་ཤེས་བྱ་དང་། བདེ་འཇགས་དྲ་རྒྱ། མགོ་སྐོར་གཡོ་ལེན་ལ་ངོ་རྒོལ་སོགས་ཀྱི་དངོས་སྤྱོད་ནང་དོན་གསལ་པོ་བཤད་དེ་ཤེས་རྟོགས་ཐུབ་པ་བྱེད་དགོས་ཅེས་བསྟན།

བྱེད་སྒོ་ཡུལ་དངོས་ཐོག་ཚན་པ་ཁག་གི་ལས་དོན་མི་སྣས་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཐབས་ལམ་སྣ་མང་གི་ལམ་ནས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་གྲངས་འཛིན་དྲ་རྒྱའི་ཤེས་བྱ་དང་ དྲ་རྒྱའི་བདེ་འཇགས་འགོག་ཟོན་ཐབས་ཤེས། རིག་ནུས་སྒྲིག་ཆས་བཀོལ་སྤྱོད་བྱ་ཐབས་བཅས་ཀྱི་ནང་དོན་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ཀྱིས་རྒྱུན་ལྡན་དྲ་ཞུགས་དང་། ཁ་པར་སྒྲིག་སྦྱོར། དྲ་རྒྱའི་ཁ་བསླུས་འགོག་ཟོན་སོགས་ཀྱི་ཐད་འཕྲད་པའི་གནད་དོན་བློ་ཞིབ་མོས་གསལ་འགྲེལ་བྱས་པ་རེད།