国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月12日

ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱིས།

འགྲན་བསྡུར་བྱེད་སྒོར་བརྟེན་ནས་གསོན་ཤུགས་འཕེལ་བ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར།“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་དུ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། ད་རེས་ཀྱི་འགྲན་བསྡུར་ནང་གྲོང་གསེབ་དར་རྒྱས་དང་མང་ཚོགས་འབབ་འཕར་གྱི་ལྟེ་བའི་དམིགས་ཚད་ཆེན་པོ་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ནས་རིག་གནས་ལུས་རྩལ་བྱེད་སྒོ་འབྲེལ་ཐག་ཏུ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད། རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་160ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་མང་ཚོགས་ཚོས་འགྲན་བསྡུར་ནང་ཞུགས་པ་དང་ཉམས་འགྱུར་མངོན་པར་བྱེད་པ་དང་ཆབས་ཅིག་འབབ་འཕར་གྱི་ཕན་པ་དངོས་འབྲེལ་ལོངས་སྤྱོད་ཐུབ་པར་བྱས་ཡོད།

འགྲན་བསྡུར་བྱེད་རིང་། དམར་རི་གྲོང་རྡལ་གྱིས་བྱེད་སྒོ་གོ་སྐབས་སུ་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཤེས་ལྡན་པའི་གསོ་སྐྱོང་ལས་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད། གྲོང་རྡལ་དེས“གསར་བརྗེའི་སྒྲོག་འགྲེལ་རུ་ཁག”རང་འགུལ་ངང་བཙུགས་ཤིང་། སྒྲོག་འགྲེལ་རུ་མི་ཞིང་ནང་དང་མུ་ཁར་བསྐྱོད་དེ་བོད་རྒྱ་སྐད་གཉིས་ཟུང་འབྲེལ་བྱེད་སྟངས་སྤྱད་ནས་སྲིད་ཇུས་ཀྱི“ཡིག་ཐོག་སྐད་ཆ”དེ་གོ་བདེ་ཤེས་སླའི་ཅི་འཕྲོས་མོལ་འཕྲོས་སུ་འགྱུར་བར་བྱས་ནས་མང་ཚོགས་ལ་སྲིད་ཇུས་གསལ་འགྲེལ་དང་། དོགས་གནད་སེལ་བ། ཤེས་བྱ་བརྒྱུད་སྤྲོད་བཅས་བྱས་ཡོད།

མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད། དམར་རི་གྲོང་རྡལ་དུ་འཇོན་ཐང་ཅན་དང་རྐང་འཛིན་པ་ཁག་གཅིག་ཐོན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ནམ་མཁའ་ཚེ་དབང་གིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པ་དང་། ལྗོངས་ཡོངས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་འགྲན་བསྡུར་ཆེ་མོའི་ནང་ཨང་གསུམ་པ་ཐོབ་པ་མ་ཟད། སི་རི་ལན་ཁར་རིག་གནས་སྤེལ་རེས་ལ་བསྐྱོད་དེ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་གི་ཤུགས་རྐྱེན་ཐེབས་ནུས་སྔར་བས་ཆེ་རུ་བཏང་བ་དང་། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་10ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་ཁྱད་ལྡན་ལག་རྩལ་དེ་འབབ་འཕར་གྱི་ཕན་འབྲས་དངོས་ལ་གྱུར་ཡོད།

ལྷོ་རོང་རྫོང་གི་འབྲེལ་ཡོད་འགན་འཁུར་བ་ཞིག་གིས། གོམ་སྟབས་རྗེས་མར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་འཕེལ་རྒྱས་གཏོང་སྟངས་རྒྱུན་མཐུད་གསར་གཏོད་བྱས་ཏེ“གཞི་རིམ་ཏང་འཛུགས་སྐྱོང་དང་། རྒྱལ་ལམ་349ཡི་རིག་གནས་ཡུལ་སྐོར། ལུས་གསོའི་ཞབས་ཞུ། རིག་གནས་ལུས་རྩལ་བྱེད་སྒོ། སྒོ་རའི་དཔལ་འབྱོར་བཅས་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ཐབས་ལམ་རྒྱ་ཆེར་བཏང་ནས་སྲོལ་རྒྱུན་ལག་རྩལ་དང་དེང་རབས་རྩལ་ནུས་ཟུང་འབྲེལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྲོལ་རྒྱུན་སྒྱུ་རྩལ་དེ་ཁྱབ་གདལ་དང་རྒྱུན་འཛིན་ཁྲོད་མང་ཚོགས་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ཏུ་འགྱུར་བར་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།