འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྟེང་ཆེན་རྫོང་དུ་བསྐྱོད་དེ་དབྱར་རྩྭ་དགུན་འབུ་བརྐོ་འཐུ་དང་སློབ་གསོའི“འགན་ལེན་གསུམ”གྱི་དངོས་ཟོག་སྒྱུར་བཅོས་ལས་དོན་ལ་རྟོག་ཞིབ་གནང་ཡོད་པ་རེད།
ཀྲོང་ཅིན་སུང་གྭ་ཐ་ཤང་རྐྱང་མདུན་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་སུ་ཕེབས་ཏེ་ཞབས་ཞུ་དང་དོ་དམ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་བྱས་པ་མ་ཟད་གུར་ནང་འཛུལ་ནས་མང་ཚོགས་ཀྱི་གནས་སྡོད་ཆ་རྐྱེན་ལ་གཟིགས་པའི་ཁར། གྲོས་འགོ་དང་བསམ་འཆར་ལ་གསན་ཡོད་པ་རེད། ཁོང་གིས་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་ཡིན། རང་རེའི་ཏང་ནི་མི་དམངས་ཀྱི་ཏང་ཞིག་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན་པས། མི་སེར་གྱི་ཆེད་དུ་དོན་དག་བསྒྲུབ་ཏེ་མི་སེར་གྱི་དོན་དག་ལེགས་སྒྲུབ་ཐུབ་པ་བྱེད་དགོས། ཞབས་ཞུ་དོ་དམ་ལ་དམ་འཛིན་ཏན་ཏིག་བྱེད་དགོས་ཤིང་། མང་ཚོགས་གང་དུ་ཡོད་ན་དེ་རུ་ཏང་ཡོན་དང་ཏང་རྩ་འཛུགས་ཡོད་པར་མཐའ་འཁྱོངས་བྱེད་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་འཐུ་ས་ཚིགས་ཚད་ལྡན་ཅན་དང་ཚད་གཞི་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དྲ་མིག་ཅན་གྱི་དམངས་བདེ་ཞབས་ཞུ་ཞིབ་ཕྲ་བཟོས་ཏེ་མང་ཚོགས་ཀྱིས་བློ་བདེ་ངང་དབྱར་རྩྭ་དགུན་འབུ་བརྐོ་བ་དང་བརྟན་འཇགས་ངང་འབབ་འཕར་ཡོང་བ་བྱེད་དགོས། ཉེན་མེད་འགོག་སྲུང་ཡག་པོ་སྒྲུབ་དགོས་ཤིང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོལ་བྱུང་དོན་རྐྱེན་མྱུར་སྐྱོབ་བྱ་ཐབས་ཀྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། གནད་ལ་འཁེལ་བའི་སྒོ་ནས་འགལ་ཟླའི་རྩོད་གཞི་གྲལ་བཤེར་བྱེད་པ།ཉེན་ཁ་བྱུར་རྐྱེན་ལ་ཕྱོགས་ཡོངས་ནས་བཅོས་སྐྱོང་།བདེ་འཇགས་ཤེས་བྱ་གཏིང་ཟབ་ཀྱིས་དྲིལ་བསྒྲགས་བཅས་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་བསྲིང་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།
སློབ་གསོའི“འགན་ལེན་གསུམ”ནི་སློབ་གསོ་དྲང་སྙོམས་དང་འབྲེལ་ཡོད་ལ་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཡང་འབྲེལ་བ་ཡོད། ཀྲོང་ཅིན་སུང་གིས་སྟེང་ཆེན་རྫོང་གི་སློབ་གསོའི“འགན་ལེན་གསུམ”གྱི་སྒྱུར་བཅོས་ལས་དོན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པའི་ཁར།“འགན་ལེན་གསུམ”གྱི་དངོས་ཟོག་ཉོ་སྒྲུབ་དང་སྐྱེལ་འདྲེན་སྡེབ་སྐྱེལ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ཡང་གནང་ཡོད། ཁོང་གིས་སློབ་གསོ་ནི་ཏང་གི་ཇུས་ཆེན་དང་རྒྱལ་ཁབ་ཀྱི་ཇུས་ཆེན་ཡིན་པས། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་སྒྲུབ་རྒྱུ་ནི་ཆེས་ཏན་ཏིག་གི་སྲིད་དོན་ལས་རྗེས་དེ་ཡིན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་ཞན་ཆ་ཁ་གསབ་དང་སྤུས་ཚད་མཐོར་འདེགས་བཏང་ནས་ཕྲུ་གུ་ཚང་མས་རང་ཁྱིམ་གྱི་སྒོ་མདུན་དུ་སྤུས་ཚད་མཐོ་ལ་དྲང་སྙོམས་ཀྱི་སློབ་གསོ་མྱངས་སུ་འཇུག་དགོས། སློབ་གསོའི“འགན་ལེན་གསུམ”གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་གཏོང་དགོས་ཤིང་། དངོས་ཟོག་འགན་ལེན་གྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་ཐོན་རྫས་ཀྱི་སྤུས་ཚད་ལ་དམ་ནན་བྱེད་པ་དང་། མང་ཚོགས་ཉེ་གམ་གྱི་རུལ་སུངས་བར་སྟོང་མཐའ་གཅིག་ཏུ་མེད་པར་བཟོས་ནས་དམངས་ཕན་ཁ་གསབ་རེ་རེ་སློབ་མའི་ཐོག་བཀོལ་བར་འགན་ལེན་བྱས་ཏེ་མང་ཚོགས་ཀྱིས་རེག་ཚོར་ཐུབ་པ་བྱེད་དགོས་ཅེས་བསྟན།

