国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月09日

ལྷོ་རོང་གིས་སྲོལ་རྒྱུན་རྩལ་ནུས་དམངས་ཕྱུག་ཐོན་ལས་གསར་བ་སྒྱུར་བར་སྐུལ་འདེད་བཏང་བ།

པར་འདི་ནི་མང་ཚོགས་འགྲན་བསྡུར་ནང་ཞུགས་པའི་རྣམ་པ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྐབས་གཉིས་པ་མཇུག་སྒྲིལ་བ་རེད།ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་ལ་བརྟེན་ནས་བོད་སྤོས་བཟོ་སྟངས་དང་སྲོལ་རྒྱུན་ཚིན་རིས། ལག་ཤེས་བསླས་འཐག དམངས་སྲོལ་གླུ་གར། ཁྱད་ལྡན་བཟའ་བཏུང་སོགས་སྲོལ་རྒྱུན་རྩལ་ནུས་ཀྱི་རྩལ་འགྲན་རྣམ་གྲངས་བཀོད་སྒྲིག་བྱས་ཏེ། “འགྲན་བསྡུར་དང་། ཕྱོགས་སྒྱུར། ལས་ཞུགས། རྒྱུན་འཛིན”གྱི་ཕྲེང་འབྲེལ་ཧྲིལ་བོའི་འཕེལ་རྒྱས་ཐབས་ལམ་ཤར་བགྲོད་བྱས་ནས་སྲོལ་རྒྱུན་ལག་ཤེས་དེ་དམངས་ཕྱུག་ཐོན་ལས་གསར་བར་སྒྱུར་ཡོད།

རྒྱུས་ལོན་བྱུང་བར་གཞིགས་ན།བྱ་དགའ་ཐོབ་པའི་འགྲན་མིས་ཐག་ཉེ་སར་ཞོར་ལས་དང་ས་ཁོངས་བརྒལ་ནས་མངག་ཐོ་ལེན་པ། ཁྲོམ་འདོན་བཤམས་འཚོང་སོགས་ཀྱི་རྣམ་པ་བརྒྱུད་ནས་འབབ་འཕར་སྒོར་ཁྲི15མངོན་འགྱུར་བྱུང་ཤིང་།ལས་ཞུགས་ལས་གནས20ལྷག་གསར་སྤེལ་བྱས།དེ་དང་ཆབས་ཅིག བྱ་འགུལ་གྱིས་འགྲན་བསྡུར་གྱི་རྣམ་པས་སྲོལ་རྒྱུན་ལག་རྩལ་མཚམས་སྦྱོར་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན།རང་ཡུལ་རིག་གནས་འཛུགས་སྐྲུན་ལ་དུས་མཉམ་སྐུལ་འདེད་བཏང་།ས་གནས་ཀྱིས་སྲོལ་རྒྱུན་གྱི་གྱང་རྩིག་སྟངས་དང་པི་ཝང་རྒྱུད་གཉིས་མ་བཟོ་སྟངས། ལག་ཤེས་བསླས་འཐག གྱོན་ཆས་བཟོ་རྩལ་སོགས་ལག་རྩལ4ལེགས་འདེམ་བྱས་ནས་རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེ་ཞུ་བྱས་ནས། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྨང་གཞི་སྲ་བརྟན་དུ་བཏང་བ་རེད།

ལྷོ་རོང་རྫོང་བྱ་འགུལ་སྒྲུབ་གཉེར་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བས་འབྱུང་འགྱུར་ང་ཚོས་མུ་མཐུད་དུ་འགྲན་བསྡུར་གྲུབ་འབྲས་ཕྱོགས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་།གསར་བརྗེའི་སྙིང་སྟོབས་ལག་རྩལ་རྒྱུན་འཛིན་དང་ཐོན་ལས་གསོ་སྐྱོང་གི་གོ་རིམ་ཧྲིལ་བོ་ཁྱབ་པར་བྱེད་པ་དང་།འགྲན་བསྡུར་གྱིས་རང་ཡུལ་གྱི་རྩལ་ནུས་འཇོན་མི་གདམ་གསེས་དང་གཟུགས་འདས་ཤུལ་བཞག་རིག་གནས་མིང་གཞུང་འཐུས་ཚང་།རྫོང་དང་ཤང་གི་འོས་སྦྱོར་ལས་སྟེགས་བསྐྲུན་པ་བཅས་བརྒྱུད་དེ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་སྦྲེལ་མཐུད།ལས་གཏོད་རོགས་སྐྱོར་སོགས་གཞི་གཅིག་ཅན་གྱི་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་སྟེ།བོད་སྤོས་དང་ཚོན་རིས། བསླས་འཐག་སོགས་མཐོ་སྒང་གི་རྩལ་ནུས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་དང་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་པའི་ཁྱད་ལྡན་ཀ་རྟེན་དུ་འགྱུར་དགོས་ཞེས་བསྟན།