国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月09日

གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པར་གྲོང་ཁྱེར་ཡོངས་སུ་དོ་སྣང་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་དྲུག་པ་རྒྱལ་ཁའི་ངང་འཚོགས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག《ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་བྱ་ཐབས་འགའ་ཞིག》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། གྲོང་ཁྱེར་ཡོངས་ཀྱི་ནུས་རྒྱུ་གཙང་མ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འཆར་འགོད་གསར་པ་རྩོམ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཆུ་བེད་དང་། ནུས་རྒྱུ་གསར་སྤེལ། གློག་ཤུགས་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་ལས་བྱེད་ལས་བཟོ་པས་དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་དང་། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་བསམ་ཕྱོགས་གླེང་བ་དང་དོན་འཁྱོལ་བཀོད་དེ་མགྱོགས་མྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཚ་རླབས་འཕྱུར་ཡོད།

རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཉི་མ་རྒྱལ་མཚན་གྱིས“རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་ནུས་རྒྱུ་འཐབ་ཇུས་དང་རང་སྐྱོང་ལྗོངས་དང་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་འཆར་འགོད་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། གློག་ཤུགས་མ་ལག་གསར་པའི་འཛུགས་སྐྱོང་བླང་བྱ་དམ་པོར་དམིགས་པ་དང་གཙང་གསུམ་མཉམ་རྒྱུག་གི་ཐོན་ཁུངས་དགེ་མཚན་ལ་གཞི་ཚུགས་ཏེ‘གློག་དྲ་སྔོན་ལ་སྤེལ་བ་དང་། བདེ་འཇགས་རྩ་བར་བཟུང་བ།ནུས་མང་ཕན་ཚུན་གསབ་རེས།ཕྱི་ནང་མཉམ་སྤྱོད’བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་།གློག་ཁུངས་གསར་སྤེལ་དང་གློག་དྲ་འཛུགས་སྐྱོང་ལ་སྤྱི་འདོམས་གཏོང་བ། ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་དང་བཀོད་སྒྲིག་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ།ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་དམིགས་ཚད་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད།

བོད་ལྗོངས་བོད་ཤར་ལྷོའི་ནུས་རྒྱུ་གཙང་མ་གསར་སྤེལ་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ཅིང་ལི་ཅང་ཤིས་པིང་གིས“བོད་ཤར་ལྷོའི་རྟེན་གཞི་ནི་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་རྟེན་གཞི་ཐོག་མ་རེད།བོད་ཤར་ལྷོའི་ཀུང་ཟི་ཡིས‘རྒྱལ་ཁབ་ཀྱི་ཆེད་དུ་གསར་སྤེལ་བྱེད་པ་དང་།རྒྱལ་ཁབ་ཀྱི་ཆེད་དུ་མིག་དཔེ་སྟོན་པ།དུས་རབས་གསར་པའི་རྒྱལ་ཁབ་ཀྱི་བོད་སྐྱོང་ཐབས་ཇུས་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་བདེ་འཇགས་ཞབས་ཞུ་བྱེད་པའི’བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ།ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་བསམ་སྤྱོད་གཅིག་མཐུན་བྱས་ཏེ། ‘ལོ་ལྔ་ཚན་བཅོ་ལྔ་པའི’འཕེལ་རྒྱས་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་ཡོང་བ་དང་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།