国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年06月09日

ཀྲོང་ཅིན་སུང་གིས་དཔལ་འབར་རྫོང་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་སྒྲུབ་སྐུལ་གནང་བ།

འདི་ནི་ཀྲོང་ཅིན་སུང་གིས་ཤར་གངས་ལའི་འཁྱགས་རོམ་སྲུང་སྐྱོབ་ཁུལ་དུ་སྲུང་སྐྱོབ་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་སྔ་རྗེས་སུ་དཔལ་འབར་རྫོང་དུ་ཕེབས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ལན་སྤྲོད་གནང་བའི་གནད་དོན་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་གནང་བ་རེད།

ཤར་གངས་ལ་འཁྱགས་རོམ་སྲུང་སྐྱོབ་ཁུལ་དུ།ཀྲོང་ཅིན་སུང་གིས་སྲུང་སྐྱོབ་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་དང་དག་ཐེར་གནས་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས་འཁྱགས་རོམ་གྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་མངོན་གསལ་ཆེ་བས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་དགོས་ཤིང་།འཁྱགས་རོམ་སྲུང་སྐྱོབ་དང་ཁྱབ་ཁོངས་ཀྱི་དོ་དམ་དང་ཚོད་འཛིན་ཚད་ལྡན་དུ་གཏོང་བ། གང་འདོད་དུ་བསྐྱོད་པ་དང་འཁྱགས་རོམ་གཏོར་བརླག་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་རྡུང་རྡེག་ནན་མོ་བཏང་ནས་བློ་རྩ་བརྟན་པོས་མདོ་དབུས་མཐོ་སྒང་གི“རིན་ཆེན་གཏེར་མཛོད་དཀར་པོ”སྲུང་སྐྱོང་ཡག་པོ་བྱེད་དགོས་ཅེས་བསྟན།

འདམ་ར་ནི“སའི་གོ་ལའི་མཁལ་མ”ལྟ་བུ་ཡིན། ལྗོངས་ལྷ་མཚོ་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་ཆུ་ལམ་ནང་འཛུགས་སྐྲུན་ས་ལྷག་སྤུངས་པ་དང་འདམ་རའི་སྤྱི་གླིང་ཧམ་བཟུང་གནད་དོན་དག་ཐེར་གནས་ཚུལ་ལ་གཟིགས་པ་དང་། ཁོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གོ་གནས་སུ་བཞག་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱུན་རྣམ་སྐོར་ཞིབ་ཁྲིམས་འཛིན་སྒྲིག་གཞི་འཛུགས་པ།

འདམ་རར་གཏོར་བརླག་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ཐག་ནན་མོ་གཅོད་པ་བཅས་བྱས་ཏེ། སྔོ་ཁེབས་ཉམས་གསོ་ཐུབ་པ་བྱེད་དགོས་ཅེས་བསྟན།

ཀྲོང་ཅིན་སུང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་བཏོན་པའི་གནད་དོན་ལ་ངེས་པར་དུ་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པ་དང་། བསམ་གཞིག་ཞིབ་ཏུ་གཏོང་བ། རྩ་བ་ནས་དག་ཐེར་གཏོང་བ་བཅས་བྱེད་དགོས།

དག་ཐེར་ལ་མཐའ་གཅིག་ཏུ་དམ་འཛིན་བྱེད་དགོས་ཤིང་།འགན་འཁྲི་ནན་དཀྲིས་དང་ཨང་གྲངས་ཕྱིར་འཚོང་དོ་དམ་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་ཡོད་དགོས་པ་མ་ཟད།ད་དུང་ཟུར་བསྟན་ལེབ་མཐོང་དང་། ཁོངས་ཡོངས་བཅོས་སྒྲིག གནད་དོན་སྔོག་བཤེར། ཞན་ཆ་ཁ་གསབ། བསྐྱར་ལོག་མི་ཡོང་བ་སྔོན་འགོག་བཅས་བྱས་ཏེ་རིགས་གཅིག་དག་ཐེར་བྱས་ན་ས་ཁོངས་གཅིག་བཅོས་སྐྱོང་ཐུབ་པར་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་དགོས་ཤིང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་དང་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས།འཁྱགས་རོམ་སྲུང་སྐྱོང་སྲོལ་ཡིག་སོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་དང་དྲིལ་བསྒྲགས་སློབ་གསོ་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཆུ་མ་ཤོར་གོང་ལ་རགས་དང་རྐྱེན་མ་བྱུང་གོང་ལ་ཟློག་པར་མཐོང་ཆེན་བྱེད་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དང་ལྗང་མདོག་ཚད་གཞི་དེ་རྣམ་གྲངས་འདུ་འགོད་འཆར་འགོད་དང་། རྣམ་གྲངས་འཛུགས་པ། འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་བཅུག་ནས་འབྱུང་ཁུངས་ནས་རྣམ་གྲངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཀྱི་མཐའ་ཚད་ནན་མོ་སྲུང་ནས་བུ་རབས་ཚ་རྒྱུད་ལ་རྩ་ཆེ་ཤོས་ཀྱི་སྐྱེ་ཁམས་རྒྱུ་ནོར་བཞག་དགོས། ལྗང་མདོག་གི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོ་མཉམ་བྱེད་གནས་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་མདོའི་སྐྱེ་ཁམས་ཀྱི་དགེ་མཚན་ལ་གཞི་ཚུགས་ཏེ། ཕན་ཚུན་འོས་མཚམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དང་། རིན་ཐང་ལེགས་སྒྱུར་གྱི་ལམ་བུ། ཐོན་སྐྱེད་འཚོ་བའི་རྣམ་པ་བཅས་གནད་ཟིན་པར་བྱས་ནས་རི་སྔོ་ཆུ་དྭངས་དང་འཁྱགས་རི་གངས་ཐང་གི་མཛེས་ཚད་མཐོ་ཤོས་དེ་གསེར་རི་དངུལ་རིའི་ཐོན་འབོར་མཐོ་ཤོས་སུ་སྒྱུར་དགོས་པའི་ནན་བཤད་གནང་ཡོད།