འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས27ཉིན་གྱི་དགོང་མོ། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན། ང་ཚོ་བཟོ་པར་སྟོབས་དང་ལྡན”ཞེས་པའི་ངལ་རྩོལ་པའི་བརྗོད་དོན་རིག་རྩལ་དགོང་ཚོགས་དེ་ཁམས་པའི་རིག་གནས་འཁྲབ་སྟོན་ལྟེ་གནས་སུ་གཉེར་བ་རེད། ཐེངས་འདིའི་དགོང་ཚོགས་ཀྱིས་ངལ་རྩོལ་གཙོ་དོན་དུ་བཟུང་ཞིང་ལས་རིགས་ཁག་དང་བྱ་གཞག་ཁག་གི་འབད་འཐབ་ཀྱི་གཏམ་རྒྱུད་གཅིག་ཏུ་སྦྲེལ་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་གྱི་ཐོག་ནས་བོད་ཤར་ས་མཐོར་གནས་པའི་རྒྱ་ཆེའི་ལས་བཟོ་པར་གུས་འདུད་ཞུས་པ་དང་། ངལ་རྩོལ་གཟི་བརྗིད་ལྡན་པ་དང་དངོས་སྒྲུབ་ཡར་བརྩོན་གྱི་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་ཤུགས་ཀྱིས་གྱེར་ཡོད།
དགོང་ཚོགས་ཧྲིལ་བོར“དམར་མདངས་ཆབ་མདོ”“ངལ་རྩོལ་གྱི་ཕུགས་འདུན”“མཐུན་སྒྲིལ་ཡར་བརྩོན”བཅས་ཁག་གསུམ་དུ་དབྱེ་ཡོད་ལ། སྣ་མང་ཕུན་སུམ་ཚོགས་པ་དང་བརྩེ་དུང་ཟབ་མོའི་ཐོག་ནས་དུས་རབས་གསར་པའི་བོད་ཤར་ངལ་རྩོལ་པའི་མཐུན་སྒྲིལ་ཡར་སྐུལ་དང་འགན་འཁྲི་འཁུར་ཕོད་པའི་བསམ་པའི་ཉམས་འགྱུར་བརྒྱུད་བསྒྲགས་བྱས་པ་མ་ཟད་མི་རིགས་ཁག་གི་བུ་ཕྲུག་ཚོས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧུར་ཐག་སྐུལ་སྤེལ་བཏང་བ་དང་ཐུན་མོང་ཐོག་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པའི་ཆོད་སེམས་བརྟན་པོ་ཡང་མཚོན་ཡོད།

