国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月29日

སྨར་ཁམས་ཀྱིས་རིག་གནས་ལུས་རྩལ་བྱེད་སྒོར་བརྟེན་ནས་གསར་བརྗེའི་གཏམ་རྒྱུད་ལེགས་པོར་བཤད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྨར་ཁམས་རྫོང་གིས་གྲུ་པ་རོང་ཤང་སྤྱི་སྲུང་སྒང་དམག་འཐབ་གནའ་ཤུལ་དྲན་གསོ་ཁང་གི་ཐང་ཆེན་དུ་མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་འགྲན་བསྡུར་ཞིག་གཉེར་ཤིང་། བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་དོད་པོ་ཡིན་པ་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

འགྲན་བསྡུར་དེ་དྲན་གསོ་ཁང་གི་ཐང་ཆེན་དུ་རྒྱུན་མཐུད་ངང་གཉེར་བ་དང་བསྟུན་ནས་གྲུ་པ་རོང་ཤང་གིས་རིག་གནས་ཡུལ་སྐོར་གྱི་ཚོང་ལས་གོ་སྐབས་དམ་འཛིན་བྱས་ཏེ། མཐའ་འཁོར་མང་ཚོགས་ལ་ཟུར་རྡོ་ཤོད་ཀྱི་སུར་པན་དང་། ཁར་སྡུད་སྒང་གི་བེ་ཤ། སྟར་ཁ་སྟེང་གི་དྲོད་ཁང་ཆེན་པོའི་སྔོ་ཚལ་དང་ཤིང་ཏོག་སོགས“སྨར་ཁམས་ཀྱི་རོ་བཅུད”བཤམ་ཁུལ་དུ་འགྲེམ་པར་ཁྲིད་སྟོན་བྱས་པ་རེད། ཤང་སྲིད་གཞུང་གིས“གསར་བརྗེའི་ཞིང་སྐྱོར་ཁྲོམ་སྟེགས”གཅིག་གྱུར་འཆར་འགོད་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་སྣེ་ཁྲིད་དེ་ཚད་ལྡན་གཉེར་སྐྱོང་བྱས་ཏེ། མང་ཚོགས་ལ་ཐང་ག་དང་། བོད་སྤོས། བསླས་འཐག་སོགས་འགྲན་ཞུགས་བརྩམས་ཆོས་དེ་དག་འཁྱེར་བདེ་བའི་ཡུལ་སྐོར་ཚོང་ཟོག་ཏུ་བསྒྱུར་རྒྱུའི་ལྕག་སྐུལ་བྱས་པས། “ཡུལ་སྐོར་བས་འགྲན་བསྡུར་ལ་ལྟ་བ་དང་། ཁྱད་ལྡན་ཐོན་རྫས་ལ་མྱོང་རོལ་བྱེད་པ། དངོས་ཟོག་ཡག་པོ་ཉོ་བ”བཅས་ཀྱི་གདུབ་ཟུམ་ཉམས་ལེན་གྱི་རྣམ་པ་གྲུབ་པ་རེད། མིག་སྔའི་བར། དྲན་གསོ་ཁང་གི་མཐའ་འཁོར་དུ་བསྡོམས་པས་ཁྲོམ་སྟེགས30ལྷག་བཙུགས་ནས་མང་ཚོགས་དུད་ཚང21ལ་ཁྱབ་པ་དང་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི3ལྷག་ཟིན་ཏེ། “འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་ལ་སྣེ་ཁྲིད་བྱེད་པའི”འཁོར་རྒྱུག་བཟང་པོ་འཚོལ་ཞིབ་བྱས་ཡོད།

དེ་ཙམ་མ་ཟད། ཆེད་ལས་གསོ་སྦྱོང་ནང་ཞུགས་པ་བརྒྱུད“གསར་བརྗེའི་འགྲེལ་བཤད་མཁན་ཆུང་ངུ”ཡིས་སྤྱི་སྲུང་སྒང་གི་ལོ་རྒྱུས་ཞིབ་ཏུ་བཤད་པའི་ཞོར་དུ་སྤོབས་བསམ་གྱིས་སྨར་ཁམས་ཀྱི་པི་ཝང་རྒྱུད་གསུམ་མའི་ཞབས་བྲོ་དང་རྒྱ་བཀག་ཐུག་པ་སོགས་ཡུལ་ཐོན་དངོས་རྫས་འོས་སྦྱོར་བྱས་ཤིང་། “ཡུལ་སྐོར་བའི་དྲན་འཆར་འགོད་དེབ”སྟེང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བས་སྨར་ཁམས་ཀྱི་ཡུལ་ལྗོངས་དང་མི་ཆོས་ལ་བསྟོད་བསྔགས་བྱས་པའི་ཁེངས་ཡོད། བྱེད་སྒོ་སྤེལ་བའི་ཚུན“གསར་བརྗེའི་ཞབས་ཞུའི་རུ་ཁག”གིས་བསྡོམས་པས་ཡུལ་སྐོར་བར་ཞབས་འདེགས་ཞུ་ཐེངས110ལྷག་ཟིན་པ་དང་ཡུལ་སྐོར་བའི་བསམ་འཆར་དང་གྲོས་འགོ5དང་ལེན་བྱས་པས། ཡུལ་སྐོར་བར་ཞབས་འདེགས་ཞུ་བ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་ལག་ལེན་ཁྲོད་ལས་བྱེད་པ་དང་མང་ཚོགས་ཀྱི་མཛའ་གྲོགས་ཇེ་ཟབ་ཏུ་ཕྱིན་པ་རེད།