国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月26日

རི་བོ་ཆེ་ཡིས་རྩྭ་ཐང་གི་གསར་བརྗེའི་རྒྱུད་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་དུ་བསྐྱོད་ཚེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་གྲོང་ཚོ་ལས་བྱེད་པ་དང་གྲོང་མི་མང་ཚོགས་མཉམ་དུ་གཏམ་རྒྱུད་གླེང་བའི་འགྲན་སྡུར་སྐབས་གཉིས་པའི་གྲུབ་འབྲས་ལེགས་སྒྱུར་ལ་དམིགས་ཏེ། མི་སེམས་འགུལ་བའི་ཤྭ་བ་སེར་ཆེན་བདག་སྐྱོང་བྱེད་མཁན་གྱི་གཏམ་རྒྱུད་ཞིག་འཚོལ་ཞིབ་ཐུབ་ནས་བོད་ཤར་གྱི་བུ་ཕྲུག་ཚོས་སྐྱེ་ཁམས་ཀྱི་ཐོག་མའི་བསམ་འདུན་རྒྱུད་འཛིན་དང་།གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན། ལས་བྱེད་པ་དང་མང་ཚོགས་བློ་སེམས་གཅིག་མཐུན་གྱིས་ཡར་བརྩོན་བྱེད་པའི་རྣམ་པ་གསོན་པོ་བདེན་དཔང་བྱས་ཡོད་པ་རེད།

བྱང་ཆུབ་ལྷ་མོ་ཟེར་བའི་མི་ཀུན་གྱིས་རྣ་བར་འཇགས་པའི་སྐྱེ་ཁམས་སྲུང་སྐྱོབ་མཁན་དེས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་ཤྭ་བ་སེར་ཆེན་བདག་སྐྱོང་བྱས་པ་དང་། ཁོ་མོས་འབྲོག་ཐང་དུ་རྐང་ཚུགས་ཏེ་དགུན་ཟླའི་རླུང་འཚུབ་ཅི་ལྟར་རྒོད་ན་ཡང་ཐོག་མཐའ་བར་གསུམ་དུ་ཤྭ་བ་སེར་ཆེན་དང་མཉམ་དུ་འགྲོགས་ཅིང་། སྤྱིར་བཏང་གི་ཐོག་མའི་བསམ་འདུན་ཞིག་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་དང་དུ་བླངས་པས་ས་གནས་དེ་གའི་མང་ཚོགས་ཀྱི་སེམས་ནང་གི་སྐྱེ་ཁམས་མིག་དཔེར་གྱུར་ཡོད་པ་རེད།

2024ལོའི་ཟླ8པར།བྱང་ཆུབ་ལྷ་མོ་འཇིག་རྟེན་འདི་དང་ཁ་བྲལ་ཞིང་།དུས་རབས་ཕྱེད་ཀའི་རིང་ཤྭ་བ་དང་འགྲོགས་པའི་ལོ་ཟླ་མཇུག་སྒྲིལ་ཟིན་པ་རེད།བྱང་ཆུབ་ལྷ་མོའི་བུ་ཕྲུག་རིན་ཆེན་ཚེ་འཕེལ་དང་པདྨ་ཚེ་དབང་གཉིས་ཀྱིས་ཨ་མའི་ལས་འགན་མུ་མཐུད་ཕྲག་ཏུ་བླངས་ཏེ་ནུས་ཤུགས་ཡོད་རྒུས་ཤྭ་བ་སེར་ཆེན་བདག་སྐྱོང་དང་རྩྭ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ནང་སེམས་ནུས་འདོན་བཞིན་ཡོད།

སྲུང་སྐྱོབ་བྱེད་མཁན་གྱི་རྒན་རབས་པ་ཚོའི་སྙིང་སྟོབས་མི་དེ་བས་མང་པོ་ཞིག་གིས་སེམས་སུ་འཇགས་པ་དང་གསར་བརྗེའི་ཡར་བརྩོན་གྱི་སྙིང་སྟོབས་གཞི་རིམ་འབྲོག་ཁུལ་དུ་རྩ་བ་ཚུགས་ཆེད། “དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན”ཞེས་པའི་གྲོང་ཚོ་ལས་བྱེད་པ་དང་གྲོང་མི་མང་ཚོགས་མཉམ་དུ་གཏམ་རྒྱུད་གླེང་བའི་འགྲན་སྡུར་སྐབས་གཉིས་པའི་ནང་པདྨ་ཚེ་དབང་གིས་རང་འགུལ་གྱིས་སྣེ་ཁྲིད་དེ་བཟའ་ཟླ་བདེ་སྐྱིད་གཡང་འཛོམས་དང་དེ་བཞིན་གྲོང་ཚོའི་ལས་བྱེད་པ་གཉིས་བཅས་ཀྱིས་ཚོགས་པ་བཙུགས་ཏེ།རང་ངོས་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཨ་མའི་མི་ཚེ་ཧྲིལ་བོར་ཤྭ་བ་སྲུང་སྐྱོབ་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པས།མཐར་རྫོང་རིམ་པའི་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།

པདྨ་ཚེ་དབང་གིས་སེམས་འགུལ་ཐེབས་པའི་ངང“དམར་མདངས་ཆབ་མདོ།དར་རྒྱས་ཡར་བརྩོན་ཞེས་པའི་གྲོང་ཚོ་ལས་བྱེད་པ་དང་གྲོང་མི་མང་ཚོགས་མཉམ་དུ་གཏམ་རྒྱུད་གླེང་བའི་འགྲན་སྡུར་སྐབས་གཉིས་པའི་ནང་།ངས་ཨ་མ་ལགས་ཀྱིས་ཤྭ་བ་སེར་ཆེན་བདག་སྐྱོང་བྱས་པའི་གཏམ་རྒྱུད་ཚང་མར་བཤད་ཐུབ་པ་བྱུང་བས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།ང་རང་ཆེས་དགའ་ཤོས་ནི་མི་དེ་བས་མང་པོ་ཞིག་གིས་ཨ་མ་ལགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏམ་རྒྱུད་ཤེས་ཐུབ་རྒྱུ་དེ་ཡིན”ཞེས་བཤད།