国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月22日

ཆབ་མདོ་གྲོང་ཁྱེར་གྱིས་སྐྱེ་ཁམས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས“སྙིགས་མེད་གྲོང་ཁྱེར”བསྐྲུན་པར་སྐུལ་འདེད་བཏང་བ།

ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཤེས་རིག་སྐྱེ་ཁམས་ལྟ་སྐུལ་དོ་དམ་ལས་སྟེགས་ལ་བརྟེན་ནས་ཆ་ཚང་ཞིང་སྔོན་ཐོན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཡོད་པ་དང་།བྱེད་ཐབས་མང་པོ་བརྒྱུད་ནས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་དང་གྲོང་ཁྱེར་རྒྱུན་བསྲིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

མིག་སྔར། ཆབ་མདོ་གྲོང་ཁྱེར་གྱིས“ཤེས་རིག་སྐྱེ་ཁམས”ཀྱི་གཅིག་གྱུར་ལྟ་སྐུལ་དོ་དམ་ལས་སྟེགས་བསྐྲུན་ནས་བཙོག་འབུད་ཁེ་ལས39ཡི་དྲ་ཐོག་ལྟ་ཞིབ་ཚད་ལེན་ས་ཚིགས57དང་བརྙན་ལམ་ལྟ་ཞིབ་ས་ཚིགས་168 བཙོག་འབུད་ལས་ཁུངས་ཀྱི་སྦགས་བཙོག་བཅོས་སྐྱོང་སྒྲིག་བཀོད་ཀྱི་གློག་སྤྱོད་ལྟ་ཞིབ་བྱ་ཡུལ་29སོགས་ལ་སྔོན་ཐོན་གྱི་རྒྱང་ཚོར་སྒྲིག་ཆས་སྦྲེལ་མཐུད་བྱས་ཏེ། བཙོག་འབུད་ཁེ་ལས་ཀྱི་ཕྱོགས་ཡོངས་སུ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་དོ་དམ་ཐུབ་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་ཡོངས་སུ་ད་དུང་མཁའ་དབུགས་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས5དང་འཐུང་ཆུའི་ཆུ་ཁོངས་ཀྱི་ཆུ་སྤུས་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་6 ལམ་ངོས་ཀྱི་རླངས་འཁོར་མཇུག་རླངས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ས་ཚིགས་3 འཛེར་སྒྲ་ལྟ་ཞིབ་ཚད་ལེན་གྱི་ཡན་ལག་ས་ཚིགས་20 ཁྱབ་འགྱེད་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་1བཅས་བཀོད་སྒྲིག་བྱས་ནས་ཕྱོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱ་བསྐྲུན་ཡོད། གཞན་ཡང་།

བཙོག་འབུད་ཆོག་མཆན་དཔང་ཡིག་དོ་དམ་ལས་སྟེགས་དང་སྦགས་བཙོག་གི་འབྱུང་ཁུངས་རང་འགུལ་ལྟ་ཞིབ་ཚད་ལེན་སོགས་ཡུལ་དངོས་མ་ཡིན་པའི་ལྟ་ཞིབ་ཚད་ལེན་ལས་སྟེགས་ལ་བརྟེན་ནས“ཡུལ་དངོས་སུ་མེད་པའི་ཁྲིམས་འཛིན”བྱེད་སྟངས་གསར་གཏོད་དང་ལག་ལེན་བསྟར་ཡོད།

“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ཐད།ཆབ་མདོ་གྲོང་ཁྱེར་གྱིས2023ལོའི་ལོ་མཇུག་ཏུ་དངོས་སུ་འཛུགས་སྐྲུན་བྱེད་མགོ་ཚུགས་ནས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ།གཙོ་བོ་སྲ་གཟུགས་བེད་མེད་དངོས་རྫས་འབྱུང་ཁུངས་ནས་ཇེ་ཉུང་དུ་གཏོང་བ་དང་། ཐོན་ཁུངས་ཅན་བེད་སྤྱོད་དང་གནོད་མེད་ཅན་ཐག་གཅོད་ལ་སྐུལ་འདེད་བཏང་།ཉེན་ཡོད་བེད་མེད་དངོས་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཁེ་ལས148ཉེན་ཡོད་བེད་མེད་དངོས་རྫས་ཚད་ལྡན་ཅན་དོ་དམ་གྱི་ཡུལ་དངོས་དཔྱད་དཔོག་ལེགས་པར་འགྲུབ་སྟེ། ཉེན་ཡོད་བེད་མེད་དངོས་རྫས་ཏུན600.13ཚད་ལྡན་སྤོ་སྒྱུར་བྱས་པ་དང་། སྨན་བཅོས་བེད་མེད་དངོས་རྫས་ཏུན354.51ཚད་ལྡན་བསྡུ་ལེན་བྱས་པ།སྦགས་བཙོག་དངོས་རྫས་གསར་བའི་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་ནས་ཁེ་ལས42ཀྱི་རྫས་འགྱུར་དངོས་རྫས་ཐོན་སྐྱེད་དང་བེད་སྤྱོད་གནས་ཚུལ་ཀྱི་བརྟག་དཔྱད་ཞིབ་བསྡུར་བྱ་བ་ལེགས་འགྲུབ་བྱུང་ཡོད།

ད་ལོར། ཆབ་མདོ་གྲོང་ཁྱེར་གྱིས་མཐོ་སྒང་གི་དོན་དངོས་ལ་མཐུན་པ་དང་། ཆབ་མདོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཐབས་ལམ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ།མཐོ་སྒང་གི་སྲ་གཟུགས་བེད་མེད་དངོས་རྫས་རིག་སྟོབས་ཅན་གྱི་ལྟ་སྐུལ་དོ་དམ་དཔེ་སྟོན་དང་འཚོ་བའི་གད་སྙིགས་མེར་བསྲེག་སྦགས་ཉུང་མཐུན་སྦྱོར་དཔེ་སྟོན།འབྲེལ་ཡོད་རྣམ་གྲངས་བཟོ་བཀོད་ཀྱི་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་དཔེ་སྟོན། དེ་བཞིན་མཐོ་སྒང་གི་ཁྱད་ཆོས་ལྡན་པའི“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་དཔེ་སྟོན་སོགས་ཁྱད་ལྡན་བྱ་བ་རབ་དང་རིམ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་ཆབས་ཅིག གཡུ་ལུང་ཟངས་གཏེར་གྱི་མཇུག་སྙིགས་ཁོར་སྲུང་གཞི་གཅིག་ཅན་གྱི་རྣམ་གྲངས་ལ་སྐུལ་འདེད་བཏང་།གཞན་ཡང་།དམངས་ཡོངས་ཀྱི“སྙིགས་མེད”འདུ་ཤེས་གཅིག་མཐུན་གོང་བུར་འགྲིལ་བ་དང་“སྙིགས་མེད”རིག་གནས་དང་སྲོལ་རྒྱུན་རིག་གནས་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད།ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྣ་མང་ཕུན་སུམ་ཚོགས་པ་དང་དམངས་སྲོལ་དང་མཐུན་པའི“སྙིགས་མེད་གྲོང་ཁྱེར”གྱི་དྲིལ་སྒྲོག་སྒྲོམ་གཞི་བསྐྲུན་ནས་“སྙིགས་མེད་གྲོང་ཁྱེར”གྱི་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། “སྙིགས་མེད”ཀྱི་འདུ་ཤེས་དྲིལ་སྒྲོག་གཞི་རིམ་དུ་ཁྱབ་པར་བྱས་ནས། སྤྱི་དམངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཤེས་རྟོགས་ཚད་དང་ཟབ་ཞུགས་ཚད། བློ་ཡིད་ཚོམ་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།