འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ5པའི་ཚེས20ཉིན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་ལ་ཉེ་བའི་མཚམས་སུ། ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་དང་། ཚན་རྩལ།འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་དེ་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་ཡར་འགྲོ་བདེ་སྐྱིད་གྲོང་གསར་དུ་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་དེ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་ཚན་རྩལ་ཅུས། གྲོང་ཁྱེར་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་།གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ཐོག་བསྒྲུབ་པ་ཞིག་ཡིན།བྱེད་སྒོ་ཡུལ་དངོས་ཐོག་སྲིད་ཇུས་ཀྱི་ཁེ་འབབ་དང་། རིག་གནས་རྒྱགས་ཕྱེ། བདེ་ཐང་ཞབས་ཞུ་བཅས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་ཞིང་། དེ་ནི་ལོ་རྒྱུས་ཀྱི་གཟི་བརྗིད་བསྐྱར་དྲན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཐེངས་ཤིག་ཏུ་གྱུར་ཡོད།
གཞུང་ལུགས་སྒྲོག་འགྲེལ་མི་སེམས་བརླན། ཉེ་འགྲམ་གཏམ་རྒྱུད་འགྱུར་ལྡོག་གླེང་།
ཐེམ་ཐོག་གྲོང་རྡལ་གྱི་གཞི་རིམ་སྒྲོག་འགྲེལ་པ་བསྟན་འཛིན་རྡོ་རྗེ་ཡིས་གོ་སླ་ཞིང་ཉན་སྤྲོ་བའི་སྐད་ཆའི་ལམ་ནས་མང་ཚོགས་ཚོར་རྣམ་པ་གསར་རྐྱང་གི་བརྗོད་དོན་སྒྲོག་འགྲེལ་ཐེངས་ཤིག་བྱས་ཡོད་པ་རེད།
བསྟན་འཛིན་རྡོ་རྗེ་ཡིས“གཏམ་རྒྱུད་ཆུང་ཆུང”གི་ཐོག་ནས“གནས་ལུགས་ཆེན་པོ”རྒྱས་བཤད་བྱས་པ་དང་། ཕ་ཡུལ་གྱི་འགྱུར་ལྡོག་དང་འཕོ་འགྱུར་བཤད་དེ་ཏང་གི་བཀའ་དྲིན་ཚོར་བར་བྱས་ཡོད་པ་རེད།“གཞི་རིམ་གྱི་སྒྲོག་འགྲེལ་པ་ཞིག་ཡིན་པའི་ངོས་ནས། རང་ཉིད་ཀྱིས་འཚོ་བའི་འགྱུར་ལྡོག་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་ཡུལ་མི་སྤུན་ཟླ་ཚོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་ཚུན་དུ། གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བརྗོད་ཡོད”བསྟན་འཛིན་རྡོ་རྗེ་ཡིས་ཏང་གི་སྲིད་ཇུས་བཟང་པོ་མུ་མཐུད་དུ་དུད་ཁྱིམ་ཚང་མར་སྒྲོག་འགྲེལ་བྱ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།
རིག་གནས་དམངས་ཕན་རྣམ་གསར་མངོན། གླུ་གར་ལྟད་མོ་ཏང་ལ་འབུལ།
མཛོ་སྒང་རྫོང་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱས་པའི《དར་ཚོན་ཞབས་བྲོ》ཡིས་ས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཕྱིན་པ་དང་།གླུ་གཞས་མཉམ་ལེན《མཐོ་སྒང་གི་མཁུར་ཚོས་དམར་པོ》《སྨོན་འདུན》དེ་བཞིན་གར་ཆུང《ང་ཚོ་མཛོ་སྒང》ཞེས་པས་གྲོང་མི་ཡིས་ཐད་གཏོང་ཟོང་འཚོང་གི་ལམ་ནས་མཛོ་སྒང་གི་རྒུན་ཆང་དང་ཀུ་ཤུ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཚོང་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ་བརྗོད་གཞི་བྱས་ཡོད་དེས།གདོད་མའི་བྲོ་བ་མ་ཡལ་བའི་མི་རིགས་ཀྱི་རིག་གནས་ཡོད་པ་མ་ཟད་དུས་རབས་ཀྱི་ཉམས་འགྱུར་ཡང་འདུས་ཡོད་པས་ཚང་མས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
ཞབས་ཞུའི་རྣམ་གྲངས་ཤིན་ཏུ་མང་། དམངས་ཕན་དོན་དངོས་དམངས་སེམས་བརླན།
ཐང་ཆེན་གྱི་གཞོགས་གཉིས་སུ་སྲིད་ཇུས་སྒྲོག་འགྲེལ་དང་ཚན་རྩལ་མཛུབ་སྟོན། བདེ་ཐང་སྨན་བཅོས།ཁྲིམས་ལུགས་འདྲི་རྟོག དངོས་ཟོག་སྤྲད་པ་སོགས་ཀྱིས་གྲལ་ལྟར་སྒྲིག་ནས་ཡོད།སྨན་བཅོས་ཁུལ་དུ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དང་ཆབ་མདོ་གྲོང་ཁྱེར་བོད་སྨན་རྩིས་ཁང་གི་རིགས་གཅིག་ཆེད་མཁས་པས་བློ་ཞིབ་མོས་མང་ཚོགས་ལ་ཁྲག་ཤེད་འཇལ་བ་དང་སྨན་སྟེར་བ་མ་ཟད་གཅོང་ནད་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་ཡོད།ཚན་རྩལ་ཁྱབ་གདལ་ཁུལ་དུ་ཞིང་ལས་ལག་རྩལ་མི་སྣས་ཞིང་ལས་ལག་རྩལ་སྐོར་གྱི་དྲིལ་བསྒྲགས་ལག་དེབ་སྤྲད་དེ་འདེབས་འཛུགས་གསོ་སྤེལ་ཐད་ཀྱི་དཀའ་ངལ་སེལ་ཡོད་པ་རེད། སྲིད་ཇུས་བློ་འདྲི་སྟེགས་བུ་རུ་ལས་དོན་པས་སྐད་གཉིས་ཀྱི་ལམ་ནས་གྲོང་གསེབ་དར་རྒྱས་ཀྱི་ཁ་གསབ་དང་སློབ་གསོ་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་ལ་འགྲེལ་བཤད་གཏིང་ཟབ་བསྐྱོན་ཡོད་པ་རེད།
མང་ཚོགས་གདོང་ལ་འཛུམ་གྱིས་ཁེངས། སྟོབས་ཤུགས་སྒྲིལ་ནས་དར་རྒྱས་གཏོང་།
“དེ་རིང་སྒྲོག་འགྲེལ་ལ་ཉན་ཐུབ་པ་མ་ཟད་འཁྲབ་སྟོན་ལ་ཡང་ལྟ་ཐུབ་སོང་།དེ་མིན་དངོས་པོ་ཡང་རག་སོང་བ་དང་རིན་མེད་ཀྱིས་ནད་ལ་བལྟ་ཐུབ་སོང་བས་ལོ་གསར་གཏོང་བ་ལས་ཀྱང་འདུ་འཛི་ཆེན་པོ་འདུག”ཐེམ་ཐོག་གྲོང་ཚོ་ཡར་འགྲོ་གྲོང་གསར་གྱི་གྲོང་མི་ཚེ་དབང་རྡོ་རྗེ་ཡིས་ལག་ཏུ་འཚམས་འདྲིའི་དངོས་པོ་བཟུང་ཞིང་གདོང་ལ་འཛུམ་གྱིས་ཁེངས་ཞོར་དུ་དེ་ལྟར་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ཐོག་ཁྱོན་དྲིལ་བསྒྲགས་དངོས་པོ་དང་ཚན་རྩལ་ཁྱབ་གདལ་དཔྱད་གཞི། སྨན་བཅོས་སྨན་རྫས།ཞིང་སྤྱོད་དངོས་ཟོག་སོགས་ཀྱི་རིན་ཐང་སྒོར་ཁྲི10ལྷག་སྤྲད་པ་དང་། མང་ཚོགས500ལྷག་ཁེ་ཕན་ཐོབ་ཡོད།

