国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年05月19日

འབྲོག་ཁུལ་དཀའ་ཚེགས་ཆེ་རུང་འདུན་པ་བརྟན།འགན་འཁྲི་ཁུར་དུ་འཁྱེར་ནས་དར་རྒྱས་གཉེར།

—འཇོ་མདའ་རྫོང་སྲིབ་མདའ་ཤང་རི་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་དགའ་ནོར་འཕེལ་གྱི་སྐོར་བཀོད་པ།

འདི་ནི་ཀུན་དགའ་ནོར་འཕེལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་བཞིན་པ།

འཇོ་མདའ་རྫོང་སྲིབ་མདའ་ཤང་རི་མདའ་གྲོང་ཚོའི་ཡངས་པའི་འབྲོག་ཁུལ་དུ་ཏང་ཡོན་ལས་བྱེད་པ་འདི་འདྲ་ཞིག་ཡོད་དེ།ཁོང་ནི་ཁ་མཆུ་རྩོད་གླེང་འདུམ་འགྲིག་བྱེད་མཁན་ཞིག་ཡིན་ལ་སྲིད་ཇུས་སྒྲོག་འགྲེལ་པ་ཞིག་ཀྱང་ཡིན། དེ་ལས་ཀྱང་དམ་པ་དོན་གཉེར་བྱེད་མཁན་གྱི་གདོང་ལེན་པ་ཞིག་རེད།ཁོང་ནི་རི་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཀུན་དགའ་ནོར་འཕེལ་རེད།

འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཐད་ཀུན་དགའ་ནོར་འཕེལ་ལ་རྒྱུས་མངའ་ཆེན་པོ་ཡོད་པས“དོན་ཆུང་གྲོང་ཚོ་ལས་བརྒལ་མི་དགོས་པ། དོན་ཆེན་ཤང་ལས་བརྒལ་མི་དགོས་པ། རྩོད་གཞི་གོང་ལ་སྤྲོད་མི་དགོས་པའི”རྩ་དོན་མཐའ་འཁྱོངས་ཀྱིས་དུས་རྒྱུན་དུ་གྲོང་ཚོ་དང་དུད་ཚང་ལ་བཅར་ཏེ་མང་ཚོགས་ཀྱི་རེ་བ་ཉན་གྱིན་ཡོད། རྩྭ་ར་བགོ་བཤའ་དང་གྲོང་པའི་ཁ་མཆུ་སོགས་རྒྱུན་མཐོང་གི་རྩོད་གཞི་རིགས་འཕྲད་དུས། ཁོང་གིས་ཁྲིམས་དང་གནས་ལུགས་གཉིས་ཀའི་ཐོག་ནས་ཁ་ཏ་གོ་བསྐོན་དང་འདུམ་འགྲིག་ལེགས་པར་བྱས་ཏེ། རྩོད་གཞི་མ་ཡོང་གོང་ནས་སེལ་ཐབས་བྱེད་ཀྱིན་ཡོད།

དོན་དག་ཐག་གཅོད་དུས་དྲང་པོ་དྲང་གཞག་ཡིན་པས་མང་ཚོགས་ཐམས་ཅད་དགའ་མགུ་ཡི་རངས་ཡིན། ཉེ་འཁོར་གྲོང་ཚོ་དག་གིས་ཀྱང་ཁོང་གདན་འདྲེན་ཞུས་ཏེ་རྙོག་དྲ་ཆེ་བའི་རྩོད་གཞི་འདུམ་གྱིན་ཡོད་པས་ཤང་ཡོངས་སུ་རླུང་ལྟར་གྲགས་པས། འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

རང་སྐྱོང་ལྗོངས་རིམ་པའི་གཞི་རིམ་སྒྲོག་འགྲེལ་པ་ཞིག་ཡིན་པའི་ཆ་ནས། ཀུན་དགའ་ནོར་འཕེལ་གྱིས་ནེ་ཙོའི་འདོན་པ་ལྟར་མ་ཡིན་པར་དམངས་ཕན་སྲིད་ཇུས་དང་དར་རྒྱས་སྐོར་གྱི་བཀོད་སྒྲིག་ལ་གཞིགས་ནས། འབྲོག་པ་མང་ཚོགས་ཀྱིས་གོ་བདེ་བའི་ཕལ་སྐད་ཀྱི་ལམ་ནས་སྒྲོག་འགྲེལ་རྒྱ་ཁྱབ་ཏུ་གནང་དང་གནང་མུས་ཡིན།

ཀུན་དགའ་ནོར་འཕེལ་གྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོར་ཞུགས་གང་ཐུབ་བྱས་པས།དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་ཞེས་པའི་འགྲན་སྡུར་སྐབས་དང་པོ་ལས་རྫོང་རིམ་པའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མྱོང་།དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་ཞེས་པའི་འགྲན་སྡུར་སྐབས་གཉིས་པ་ལས་སྲིབ་མདའ་ཤང་གི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་པར་མ་ཟད་རྫོང་རིམ་པའི་འགྲན་སྡུར་ཁྲོད་རྫོང་ཡོངས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

ཀུན་དགའ་ནོར་འཕེལ་གྱི་ཟིན་བྲིས་ནང་རང་གི་ལས་ཀ་ཐམས་ཅད་ནག་པོ་འགྲོ་ཤེས་སུ་བཀོད་ཡོད། གཞན་ཡང་ཁོང་གིས་ལས་ཞོར་གྱི་དུས་ཚོད་སྤྱད་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རང་འགུལ་ངང་སྦྱངས་ནས། རང་གི་སྲིད་ཇུས་སྒྲོག་འགྲེལ་གྱི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་བཞིན་ཡོད།འཐབ་ས་དང་པོར་ལོ་མང་བསྡད་པས་དེང་སང་ཀུན་དགའ་ནོར་འཕེལ་ནི་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་འཛིན་ནས་མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ་དང་སྲིད་ཇུས་སྤེལ་མཁན་ཞིག་ཏུ་ཆགས་ཡོད།

གཏམ་སྤྱོད་རེ་རེས་འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་བསྲུང་ཞིང་གཞི་རིམ་གྱི་འགན་འཁྲི་ཁུར་དུ་འཁྱེར་བར་ནུས་པ་བླ་ལྷག་ཏུ་ཐོན་ཡོད།