འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། སྔ་རྗེས་སུ་དཔའ་ཤོད་རྫོང་དང་ལྷོ་རོང་རྫོང་དུ་བརྟག་ཞིབ་གནང་བ་རེད།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ། འཁྱགས་རི་གངས་རི་ཡང་གསེར་རི་དངུལ་རི་ཡིན། ལ་སྒོ་འཁྱགས་རོམ་གྱི་འདབས་དང་སྒྲོལ་མ་ལྷ་མཚོའི་འགྲམ་དུ། ཀྲོང་ཅིན་སུང་གིས་སྲུང་སྐྱོབ་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྐྱེ་ཁམས་དེ་ཉིད“དོན་ཆེན་བཞིའི”གྲས་སུ་གཏན་འཁེལ་བྱས་པའི་ཁར། མཚོ་བོད་ས་མཐོ་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་དགོས་པ་བཏོན་གནང་ཡོད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་རིན་ཐང་ཆེས་ཆེ་བ་དང་། འགན་འཁྲི་ཆེས་ཆེ་བ། གབ་ཤུགས་ཆེས་ཆེ་བ་ཞིག་ཏུ་བརྩི་བ། རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་རང་རྟོགས་ཀྱིས་དང་ལེན་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བཅས་བྱས་ནས།
ལྟ་ཞིབ་དག་ཐེར་ལ་དམ་འཛིན་བྱ་རྒྱུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་ལག་ལེན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་པ་དང་མཐའ་གཅིག་ཏུ་འཕྲལ་སྒྲུབ་འཕྲལ་བཅོས། མི་བདེན་རྫུན་སྒྲིག་གཏན་འགོག་བཅས་བྱས་ནས་དངོས་སྒྲུབ་དང་གྲུབ་འབྲས་ངོ་མའི་ཐོག་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་འཛུགས་ཆེད་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་དགོས་ཅེས་བསྟན།
སྐྱེ་ཁམས་ཁོར་ཡུག་ཡག་པོ་ནི་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་རྩ་ཞིག་ཡིན། དཔའ་ཤོད་རྫོང་དུང་དཀར་ཨར་འདམ་ཚད་ཡོད་ཀུང་ཟི་དང་གད་སྙིགས་སྦས་ས། བཙོག་ཆུ་གཙང་སེལ་བཟོ་གྲྭ། རྡོ་སྣུམ་སྣུམ་སྣོན་ས་ཚིགས་བཅས་སུ། ཀྲོང་ཅིན་སུང་གིས་རེ་རེ་བཞིན་དུ་ལྟ་ཞིབ་གནང་ཞིང་། ཁོང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། གནམ་སྔོ་ཆུ་དྭངས་ས་གཙང་གི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་པ།“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གོམས་སྲོལ་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་བཅོས་སྐྱོང་རྣམ་པ་ཧུར་ཐག་གིས་འཚོལ་ཞིབ་དང་ཕྱོགས་ཡོངས་ལྟ་རྟོག་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སུ་བསྒྱུར་བར་སྐུལ་སྤེལ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་པོ་བཟོ་བ་དང་། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་ཏན་ཏིག་གིས་སྤེལ་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཀྲོང་ཅིན་སུང་གིས་ད་དུང་ཤང་གྲོང་ཁ་ཤས་དང་། སློབ་གྲྭ་ཆུང་འབྲིང་ མེ་འཁོར་འབབ་ཚུགས། ཆུ་གློག་ས་ཚིགས། ཚད་གཞི་མཐོ་བའི་ཞིང་ཁ་བཅས་སུ་ཕེབས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བཟུང་དགོས་ཤིང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་གཏིང་ཟབ་ངང་སྤེལ་བ་དང་། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་བསྒྲུབ་པར་ཤུགས་འདོན་དགོས། “3+1+1”གི་ལས་དོན་ཁག་ལྔར་དམིགས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་ནུས་ལྡན་རིམ་ལྡན་ཕན་ལྡན་སྒོས་སྐུལ་འདེད་གཏོང་བ་དང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ། ས་བབ་དང་བསྟུན་ནས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་པ་བཅས་བྱས་ཏེ་ལྟོ་ཕོར་དེ་རང་ཉིད་ཀྱི་ལག་ཏུ་དམ་པོ་བཟུང་དགོས། “4+10”སྤྱིའི་བཀོད་པ་ལྟར། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་ལ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། སློབ་སྦྱོང་སློབ་གསོས་མང་ཚོགས་ཀྱི་རེག་ཚོར་གྱི་གྲུབ་འབྲས་དེ་བས་མང་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཅེས་བསྟན།

