འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྐབས་བཅུ་པ་སླེབས་ལ་ཉེ་བའི་ཚམས་སུ། སྟེང་ཆེན་རྫོང་དང་སྨར་ཁམས་རྫོང་གིས་ཡིག་གཟུགས་འགྲན་སྡུར་དང་ཡིག་གཟུགས་འགྲེམས་སྟོན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
སྟེང་ཆེན་རྫོང་ག་ངས་ཤང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ནས་ཡིག་གཟུགས་མཉམ་འདྲེས་ཀྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས”ཅེས་པ་བརྗོད་དོན་གཙོ་བོའི་ཐོག་ནས་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་ས་གནས་ས་ཐོག་གི་འགྲན་སྡུར་བྱེད་སྒོ་སྤེལ་བ་རེད།
སྨར་ཁམས་རྫོང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྐབས་བཅུ་པའི་ཆེད་དོན་འགྲན་སྡུར་གཉེར་བ་དང་། འགྲན་ཞུགས་པས་རྒྱལ་གཅེས་ཀྱི་བརྩེ་བ་དང་རིག་གནས་ཀྱི་གདེང་ཚོད་བློ་ལ་འཆང་ནས་ཡིག་གཟུགས་རི་མོ་སོར་རྩེ་ནས་མངོན་པར་བྱས་ཡོད། བརྩམས་ཆོས་ཀྱི་སྣ་ཁ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པས་ལོ་ངོ་སྟོང་རིང་གི་བོད་ཀྱི་ལེགས་བཤད་ཡོད་པ་མ་ཟད་ཏང་དྲིན་དང་། མི་རིགས་མཐུན་སྒྲིལ། ཆབ་མདོའི་འཕེལ་རྒྱས་བཅས་ལ་ཡང་བསྟོད་པ་བྱས་ཡོད།
སྨར་ཁམས་རྫོང་སློབ་འབྲིང་གི་སློབ་མ་རིན་ཆེན་བསྟན་འཛིན་གྱིས“དགེ་རྒན་གྱི་ཁྲིད་སྟོན་ཞིབ་མོ་འོག་ང་ལ་ཐེངས་འདིའི་འགྲན་སྡུར་ཁྲོད་ནས་བྱ་དགའ་ཨང་དང་པོ་ཐོབ་བྱུང་བས་དགའ་སྤྲོ་ཤིན་ཏུ་ཆེ། འབྲེལ་ཡོད་ཚན་པས་བོད་ཀྱི་ཡིག་གཟུགས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤུས་ལེགས་ཀྱི་སྤེལ་རེས་འགྲེམས་སྟོན་གྱི་གར་སྟེགས་བསྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

