འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས4ཉིན། ཆབ་མདོ་གྲོང་ཁྱེར་གྱིས“བོད་ཤར་གཞོན་ནུ་དར། ལང་ཚོས་སྔོན་སྐྱོད་བརྩོན”ཞེས་པའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཆད་སྟེགས་ཆེན་མོ་དང་ལྔ་བཞིའི་གཞོན་ནུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་དང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་རྣམ་གཉིས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་རྣམས་དང་ལྷན་གཅིག་ཏུ་འཛོམས་ཏེ། ལང་ཚོའི་འཁུར་ལེན་མཉམ་དུ་གླེང་མོལ་གནང་ཡོད།
ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་། ལས་རིགས་ཁག་དང་བྱ་གཞག་ཁག་ནས་ཡོང་བའི་གཞོན་ནུའི་འཐུས་མི7གྱིས་རིམ་བཞིན་གཏམ་བཤད་བྱས་པ་དང་། མི་རེ་རེའི་སྤོབས་པ་མཐོ་ཞིང་བག་ཆེ་ལ་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།
ཀྲོང་ཅིན་སུང་གིས་ནན་ཏན་གྱིས་གསན་ཞོར་དུ་མངགས་བཅོལ་ཟབ་མོ་བསྩལ་བ་དང་། ཁོང་གིས་རྒྱ་ཆེའི་གཞོན་ནུ་ཚོས་མི་སྒེར་གྱི་དོན་གཉེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ་དང་། ལྔ་བཞིའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ།“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”ཡིན་པའི་ལོ་རྒྱུས་ཀྱི་གཟི་བརྗིད་རྒྱུན་འཛིན་གྱིས་ལྷག་བསམ་རྣམ་དག་གི་ཐོག་མའི་བསམ་འདུན་ནམ་ཡང་མི་འགྱུར་བར་བྱས་ཏེ་ཕུགས་བསམ་ལྡན་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་དང་། ཉམས་སད་ཐེག་པའི་འཇོན་ཐང་སྦྱོང་ནས་འཁུར་ལེན་ཕོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག འགྱུར་མེད་དམ་བཅའི་དངོས་སྒྲུབ་བྱས་ཏེ་དཀའ་སྤྱད་ཕོད་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག འགག་སྒྲོལ་དཀའ་སེལ་ཕོད་པ་བྱས་ཏེ་འབད་འཐབ་ཐུབ་པའི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བཅས་བྱ་རྒྱུར་བརྩོན་ལེན་བྱས་ནས། ལང་ཚོ་དང་འབད་འཐབ་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི་ཡངས་ཤིང་ཆེ་བའི་གར་སྟེགས་ཐོག་ནས་གྱ་ནོམ་པའི་མི་ཚེའི་རི་མོ་འབྲི་དགོས་པའི་སྐུལ་ལྕག་གནང་ཡོད།

