འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ5པའི་ཚེས1ཉིན། ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཆབ་མདོ། བོད་ཤར་མུ་ཏིག”ཅེས་པའི་རིག་གནས་ཡུལ་སྐོར་ཟླ་བ་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོ་དེ་ཆུ་ཐོག་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་དང་། ཁམས་པའི་རིག་གནས་ཀྱི་ཉིང་ཁུ་གཅིག་ཏུ་བསྡུས་ཅིང་བོད་ཤར་རིག་གནས་ཀྱི་མཛེས་པ་མངོན་པའི་རྒྱས་འཛོམས་དེ་དངོས་སུ་འགོ་ཚུགས་པ་རེད།
ཐེངས་འདིའི་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས(ཆབ་མདོ་གྲོང་ཁྱེར་རིག་དངོས་ཅུས)ཀྱིས་གཙོ་སྒྲུབ་དང་ཆབ་མདོ་གྲོང་ཁྱེར་ཇ་རྟ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་ཟིས་འགན་སྒྲུབ་བྱས་པ་ཞིག་ཡིན་ལ། འགོ་ཚུགས་མཛད་སྒོའི་ཐོག་སྣ་མང་ཕུན་སུམ་ཚོགས་པ་དང་ཕྱོགས་མང་པོའི་ཐོག་ནས་ཆབ་མདོའི་རིག་གནས་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགྲེམས་སྟོན་བྱས་པ་དང་། ས་གནས་ས་ཐོག་གི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོས་འགོ་ཚུགས་མཛད་སྒོ་ཧྲིལ་པོར་དགའ་སྤྲོ་ཆེ་བའི་ཡོ་ལང་རྒྱས་སུ་བཅུག་ཡོད། དེ་ནས་གཙོ་སྐྱོང་པས་སྨྲ་དག་གསལ་གསུམ་གྱིས་ཐེངས་འདིའི་རིག་གནས་ཡུལ་སྐོར་ཟླ་བའི་བྱེད་སྒོའི་རྩ་དོན་དང་། ལྟེ་བའི་གྲུབ་ཚུལ། ཐུན་མོང་གི་ལེགས་ཆ་བཅས་ངོ་སྤྲོད་བྱས་པའི་ཐོག་འགོ་ཚུགས་མཛད་སྒོའི་བརྒྱུད་རིམ་འགོ་ཚུགས་ཡོད་པ་རེད།
གྲོང་མི་ཡེ་ཤེས་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཟླ་བ་སྐབས་བརྒྱད་པའི་འགོ་ཚུགས་མཛད་སྒོ་ཐོག་ཞུགས་རྒྱུ་བྱུང་བར་སེམས་ནང་དགའ་ཚོར་དཔག་མེད་བྱུང་སོང་། ས་གནས་དེ་གའི་གྲོང་མི་ཞིག་ཡིན་པའི་ངོས་ནས་ལོ་རེར་རིག་གནས་ཡུལ་སྐོར་ཟླ་བར་རེ་སྒུག་བྱེད་བཞིན་ཡོད།
འདི་ནི་རིག་རྩལ་གྱི་འཁྲབ་སྟོན་ལ་ལྟ་བ་ཙམ་མ་ཟད་ཁམས་པའི་དམངས་སྲོལ་རིག་གནས་ལ་མྱོང་རོལ་ཐུབ་པ་དང་། ད་དུང་ཆབ་མདོའི་ཉིན་བཞིན་ཡར་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱང་མཐོང་ཐུབ། འདིས་བོད་ཤར་གྱི་རི་ཆུའི་མཛེས་སྡུག་དང་མངོན་མིན་ཤུལ་བཞག་རིག་གནས་འགྲེམས་སྟོན་བྱས་པ་མ་ཟད། མི་དེ་བས་མང་པོ་ཞིག་གིས་ཆབ་མདོར་རྒྱུས་ལོན་དང་། ཆབ་མདོར་བསྐྱོད་ཐུབ་པ་བྱུང་ཞིང་། ཐེངས་འདིའི་རིག་གནས་ཡུལ་སྐོར་ཟླ་བ་ཐུགས་གྲ་ལེགས་གྲུབ་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་ཞེས་བཤད།
ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཚོགས་པ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་འོས་སྦྱོར་པ་སྒྲོལ་དཀར་ཚེ་སྐྱིད་ཀྱིས་ཐེངས་འདིའི“དམར་མདངས་ཆབ་མདོ། བོད་ཤར་མུ་ཏིག”ཅེས་པའི་རིག་གནས་ཡུལ་སྐོར་ཟླ་བ་ནི་ཆབ་མདོས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཡོང་བར་སྐུལ་སྤེལ་དང་གྲོང་ཁྱེར་གྱི་སྣང་བརྙན་མངོན་པར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། ང་ཚོས་གསར་བརྗེའི་རིག་གནས་དང་། ཁམས་པའི་མངོན་མིན་ཤུལ་བཞག་རིག་གནས། ཇ་རྟ་གནའ་ལམ་དང་གཙང་གསུམ་སྐྱེ་ཁམས་ཐོན་ཁུངས་བཅས་སྔོག་འདོན་བྱས་ཏེ། ཡུལ་སྐོར་ས་ཁྲ་དང་དེ་བཞིན་རྩེ་གྲའི་ལམ་ཐིག་ཁག་བཞི་འཆར་འགོད་ཀྱིས་ཡུལ་སྐོར་བར་གཅིག་བསྡུས་ཕྱིར་བསྐྱོད་ཀྱི་ཁ་ཕྱོགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།
འགོ་ཚུགས་མཛད་སྒོ་ལེགས་གྲུབ་བྱུང་བ་དང་བསྟུན་ནས་དུས་ཡུན་ཉིན19རིང་གི་རིག་གནས་ཡུལ་སྐོར་ཟླ་བའི་བྱེད་སྒོ་རབ་དང་རིམ་པ་ཕྱོགས་ཡོངས་ནས་འགོ་ཚུགས་པ་རེད།
རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་ཁམས་པའི་རིག་གནས་འགྲེམས་སྟོན་དང་། རིག་གནས་ཡུལ་སྐོར་ཚོང་འདུས། རིག་གནས་ཡུལ་སྐོར་རྟོག་ཞིབ། 5.19ཀྲུང་གོའི་གནས་སྐོར་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་བཅས་མུ་མཐུད་སྤེལ་ཏེ། ཕྱོགས་མང་པོ་ནས་བོད་ཤར་གྱི་རང་བྱུང་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་མངོན་པར་བྱ་རྒྱུ་རེད།

