ས་རིམ་གྱིས་རུབ་པ་དང་ཆབས་ཅིག གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་སྡེ་སྨད་གྲོང་ཚོ་དང་འགོ་སྡེ་གྲོང་ཚོའི་ལམ་སྒྲོན་105ཁྲ་ཆིལ་ལེར་སྤར་ལ། ཕྲུ་གུ་ཚོས་གློག་སྒྲོན་འོག་རྩེད་མོ་རྩེ་བ་དང་། རྒན་རྒོན་རྣམས་འཆམ་འཆམ་བྱེད་བཞིན་མཆིས། དེ་ནི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་རུ་མི་ཚོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་དམངས་འཚོའི་བྱ་བ་ཏན་ཏིག་བསྒྲུབས་པ་ལས་བྱུང་བ་ཞིག་རེད།
དེ་གོང་། སྡེ་སྨད་གྲོང་ཚོ་དང་འགོ་སྡེ་གྲོང་ཚོའི་ལམ་བུར་གློག་སྒྲོན་བསྒར་མེད་པས་མཚན་མོར་གྲོང་མི་རྣམས་འགྲོ་ཁག་པ་དེ་མང་ཚོགས་ཀྱི་སེམས་ནད་ཞིག་ཏུ་གྱུར། མང་ཚོགས་ལ་བཅར་འདྲི་བྱས་ནས་གནས་ཚུལ་ཁ་གསལ་བྱུང་རྗེས། གྲོང་སྡོད་ལས་དོན་རུ་ཁག་གིས་ལམ་འགྲམ་དུ་གློག་སྒྲོན་བསྒར་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ནས་མགྱོགས་མྱུར་དོན་འཁྱོལ་ཡོང་ཐབས་བྱས་པ་རེད།
གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་འཕྲལ་མར་གྲོང་ཚོའི་ལམ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་རྗེས། སྔོན་ལ་ལམ་ཨ་མ་དང་། ལམ་མདོ། མང་ཚོགས་ཀྱི་བྱེད་སྒོའི་ཐང་ཆེན་སོགས་གཙོ་གནད་ཁུལ་ལ་གློག་སྒྲོན་བསྒར་རྒྱུའི་ཐག་བཅད་པ་མ་ཟད། མངགས་གཏོང་ཚན་པ་ནས་མ་དངུལ་བརྩོན་ལེན་བྱས་པ་རེད།
ད་ཆ། ཉི་འོད་ནུས་པའི་ལམ་སྒྲོན་105བསྒར་བས་མཚན་མོ་འགྲོ་བདེ་རུ་སོང་ལ། “དེ་སྔ་གློག་མེད་པས་མཚན་མོ་བརྡབ་དོགས་ཀྱི་སེམས་ཁྲལ་འདུག ད་ཆ་ལམ་སྒྲོན་བསྒར་བས་མཚན་མོ་འགྲོ་བདེ་པོ་འདུག་པས། གྲོང་སྡོད་ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་སྡེ་སྨད་གྲོང་ཚོའི་གྲོང་མི་ཚེ་རིང་ནོར་བུས་རང་ཁྱིམ་གྱི་སྒོ་རྩར་བཙུགས་པའི་ལམ་སྒྲོན་ལ་ལྟ་བཞིན་དེ་ལྟར་བཤད།
གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་གྱི་སྡེ་སྨད་གྲོང་ཚོ་དང་འགོ་སྡེ་གྲོང་སྡོད་ལས་དོན་རུ་ཁག་གིས་བྱ་སྤྱོད་ངོ་མའི་ཐོག་ནས་གྲོང་སྡོད་རོགས་སྐྱོར་གྱི་འགན་འཁྲི་ཕྲག་ཏུ་འཁུར་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་མང་ཚོགས་ཚོས་ཚོར་ཐུབ་པར་བྱས་ཤིང་། གྲོང་མི་ཚོའི་དཀའ་གནད་བསལ་ནས་གྲོང་གསེབ་དར་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད།
(དཔལ་ཐར་རྒྱལ་གྱིས་བསྒྱུར)

