འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས19ཉིན་ནས་ཚེས25ཉིན་བར། 2026ལོའི་ལོ་འཁོར་གྱི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དང་ཆབ་མདོ་གྲོང་ཁྱེར་གྱི“གསར་བརྗེ་ཡིས་ཁྲིད་སྟོན་བྱེད། དཔེ་ཀློག་གིས་བླ་སྲོག་གཏོད”ཅེས་པའི་མང་ཚོགས་རང་བཞིན་གྱི་རབ་དང་རིམ་པའི་དཔེ་ཀློག་བྱེད་སྒོ་བདེ་བླག་ངང་མཇུག་འགྲིལ་བ་རེད། གྲོང་ཨུད་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་དེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་དང་། གུང་གཞོན་སྡེ་ཚོགས་གྲོང་ཨུད། གྲོང་ཨུད་ལས་བྱེད་རྒན་གྲས་ཅུས། གྲོང་ཁྱེར་དཔེ་མཛོད་ཁང་། ཆབ་དགོན་བྱམས་པ་གླིང་དོ་དམ་ཨུ་ལྷན། གྲོང་ཁྱེར་བུད་མེད་ལྷན་ཚོགས། གྲོང་ཁྱེར་སློབ་གསོ་ཅུས་བཅས་དང་མཉམ་འབྲེལ་ཐོག་བརྗོད་དོན་གསལ་ཞིང་ཁྱབ་རྒྱ་ཆེ་བའི་དཔེ་ཀློག་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། གསར་བརྗེའི་དཔེ་ཀློག་ཆབ་མདོའི་སྲང་ལམ་ཆེ་ཆུང་གང་སར་ཁྱབ་པར་བྱས་ཏེ་དམངས་ཡོངས་དཔེ་ཀློག་ལ་དགའ་བ་དང་། དཔེ་ཀློག་ཡག་པོ་བྱེད་པ། དཔེ་ཀློག་ལ་མཁས་པ་བཅས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་ཡོད་པ་རེད།
ཐེངས་འདིའི་རབ་དང་རིམ་པའི་བྱེད་སྒོ་ཡིས་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་ཏེ་རྒན་པ་དང་། གཞོན་ནུ་ལོ་ཆུང་། དགོན་སྡེའི་གྲྭ་བཙུན་བཅས་ལ་ཁྱབ་པར་བྱས་པ་དང་། སྐྱ་ཐང་སྲང་ལམ་གྱི་སོར་རྩེའི་དྲི་བསུང་ནས་གྲོང་ཁྱེར་དཔེ་མཛོད་ཁང་གི་ལང་ཚོའི་སྒྲ་དབྱངས་དང་། ཕ་བུ་མཉམ་སྤྱོད་ཀྱི་དགོད་སྒྲ་ནས་དགོན་སྡེའི་དཔེ་ཁང་གི་ཞིབ་མོའི་བམ་ཀློག་དང་། གཞི་རིམ་གྲོང་གསེབ་ཀྱི་བུད་མེད་སློབ་ཁང་ནས་སློབ་རའི་ནང་གི་དཔེ་དེབ་ཀློག་པའི་སྒྲ་དབྱངས་བར་སོགས་ཐེངས་འདིའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་ཡིས་ལོ་ཚད་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བའི་གྲོང་མིས་རང་ཉིད་ལ་དབང་བའི་དཔེ་ཀློག་གི་གར་སྟེགས་རྙེད་ཐུབ་ཡོད།
སྐྱ་ཐང་སྲང་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བྱམས་པ་གཡུ་སྒྲོན་གྱིས“འདི་འདྲའི་བྱེད་སྒོར་དོན་སྙིང་ཆེན་པོ་འདུག རང་ཉིད་ཀྱི་སྒོ་གྲམ་དུ་ཡིག་གཟུགས་འབྲི་བར་རོལ་མྱོང་ཐུབ་པ་མ་ཟད་ད་དུང་གཞན་གྱི་གཏམ་རྒྱུད་ཉན་ཐུབ་པས་ང་ཚོས་དཔེ་ཀློག་ལས་ཤེས་བྱ་གསར་པ་ཞིག་རྙེད་བྱུང”ཞེས་བཤད།
“ཐེངས་འདིའི་བྱེད་སྒོ་ཡིས་ང་ལ་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། རྗེས་མར་ངས་དཔེ་ཀློག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། ཀློག་ཟིན་པའི་ཤེས་བྱ་དེ་ཉིད་སློབ་སྦྱོང་གི་ཁྲོད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་མ་ཟད། དེ་དང་ཆབས་ཅིག་ཏུ་སློབ་གྲོགས་ཚོར་དཔེ་ཆ་བཟང་པོ་འོས་སྦྱོར་བྱ་རྒྱུ་ཡིན”ཞེས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་གསུམ་པའི་ལོ་རིམ་བདུན་པའི་འཛིན་གྲྭ་དགུ་པའི་སློབ་མ་ཚེ་བརྟན་སྒྲོལ་མ་ཡིས་གསར་འགོད་པར་དེ་ལྟར་བཤད།

