国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月28日

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ལས་དོན་ལ་ཕྱོགས་བསྡོམས་དང་། གནས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས་ཡོད།

ཚོགས་འདུ་ཡིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པས། དེ་ནི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། རིམ་པ་ཁག་དང་ཚན་པ་ཁག་གིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བས་ཁྲིད་སྟོན་དུ་བཟུང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་འཕེལ་རིམ་གསར་པ་ཐོབ་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐས་རིམ་གསར་པར་བསྐྱོད་པར་ཏན་ཏིག་གིས་སྐུལ་སྤེལ་གཏོང་དགོས་ཅེས་བསྟན།

ཚོགས་འདུ་ཡིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་པར་རྨང་གཞི་ནི“ཞིང་གསུམ”དུ་ཡོད་ལ། ཞན་ཆ་དང་མི་མངོན་པའི་སྟོབས་ཤུགས་ཀྱང“ཞིང་གསུམ”དུ་ཡོད། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་འཛུགས་པ་དང་། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་གཞི་རིམ་གྱི་ཟང་ཟིང་དང“ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱོད་ངན་བཅོས་སྐྱོང་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་དགོས། འཕེལ་རྒྱས་ཀྱི་རྩ་བ་བརྟན་དུ་གཏོང་བ་དང་། རྣམ་གྲངས་ཅན་གྱི་ཐབས་ལམ་ཐོག་ནས་ཚན་རྩལ་གྱི་ནུས་པའི་དེང་རབས་ཞིང་འབྲོག་ལས་རིགས་ལ་སྐུལ་སྤེལ་བཏང་སྟེ།“རྫོང་གཅིག་ལ་ཐོན་རྫས་གཅིག་གམ་ཡང་ན་ཐོན་རྫས་སྣ་མང”གསོ་སྤེལ་བྱེད་དགོས། ཡ་རབས་ཡུལ་སྲོལ་སྐྱེད་སྲིང་བྱེད་པ་དང“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བཏང་སྟེ། ས་མཐོའི་གནས་སྐྱིད་ལས་སྐྱིད་མཛེས་པའི་ཤང་གྲོང་གཏོད་དགོས། ཞིང་ཕན་དམངས་ཕྱུག་ལ་དམིགས་ཏེ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོར་བརྟེན་ནས་རྩལ་ནུས་ཤེས་ལྡན་པ་སྐྱེད་སྲིང་དང་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་གཞི་རིམ་དུ་ཕྱོགས་པར་སྐུལ་སྤེལ་གཏོང་དགོས་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ཏེ། ལོ་རྒྱུས་དང་། མི་དམངས། ལག་ལེན་བཅས་ཀྱི་ཐེག་ཐུབ་པའི“ཞིང་གསུམ”ལས་ཀའི་གྲུབ་འབྲས་གཏོད་དགོས་པའི་ནན་བཤད་གནང་ཡོད།

ལའོ་ཆིན་འུའུ་དང་། ལིས་ཧྲུའུ་གོ ཅཱ་ཤིན་ཡུས། ཡང་ཝུན་ཧྲན་བཅས་ཚོགས་འདུ་ཞུགས་ཡོད།