国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཤེས་བྱ།

གཅིག དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ནི་ག་འདྲ་ཞིག་ཡིན།

2015ལོའི་ཟླ7པའི་ཚེས1ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ལ་ཆོག་མཆན་གནང་ཞིང་། དེའི་ནང་དུ་ལོ་རེའི་ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཡིན་པ་གཏན་འཁེལ་གསལ་བོ་བྱས་ཡོད།དམིགས་འབེན་ནི། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་མཐོར་འདེགས་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་སུ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཆེན་མཉམ་ཤུགས་གྲུབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་འདུ་ཤེས་མི་སེམས་སུ་ཟུག་ཏུ་འཇུག་པ་དེ་ཡིན།

གཉིས། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར་སྤྱི་དམངས་ལ་འོས་འགན་ཅི་ཞིག་ཡོད།

1.རྩ་ཁྲིམས་དང་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ།2.དུས་ཐོག་ཏུ་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ཁུངས་སྣེ་ཡར་ཞུ་བྱེད་པ།3.དོན་དངོས་ལྟར་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་འགུལ་གྱི་དཔང་རྟགས་མཁོ་སྤྲོད་བྱེད་པ།4.རྒྱལ་ཁབ་བདེ་འཇགས་བྱ་བར་སྟབས་བདེའི་ཆ་རྐྱེན་དང་གཞན་པའི་གཞོགས་འདེགས་མཁོ་སྤྲོད་བྱེད་པ།5.ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་སྲུང་བ།6.རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་མི་སྒེར་རམ་རྩ་འཛུགས་ལ་གཞོགས་འདེགས་གང་ཡང་མི་བྱེད་པ།

གསུམ། རྒྱལ་ཁབ་བདེ་འཇགས་ལ་ཁྱབ་ཁོངས་གང་དག་འདུ།

1.ཆབ་སྲིད་བདེ་འཇགས་སྟེ། རྒྱལ་ཁབ་ཀྱི་གཙོ་དབང་དང་སྲིད་དབང་། ལམ་ལུགས་བདེ་འཇགས། ཆབ་སྲིད་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱེད་པ།2.དམག་དོན་བདེ་འཇགས་ཏེ། རྒྱལ་ཁབ་ཀྱི་དམག་དོན་སྟོབས་ཤུགས་དང་རྒྱལ་འགོག་སྒྲིག་ཆས་ལ་ཕྱི་རོལ་གྱི་འཇིགས་སྐུལ་མི་ཐེབས་པར་འགན་སྲུང་བྱེད་པ།3.དཔལ་འབྱོར་བདེ་འཇགས་ཏེ། རྒྱལ་ཁབ་དཔལ་འབྱོར་སྒྲིག་རིམ་དང་དངུལ་རྩ་བརྟན་འཇགས། ཐོན་ཁུངས་མཁོ་སྤྲོད་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།4.རིག་གནས་བདེ་འཇགས་ཏེ། རྒྱལ་ཁབ་རིག་གནས་གཙོ་དབང་དང་སྲོལ་རྒྱུན་རིག་གནས། གཙོ་རྒྱུག་འདུ་ཤེས་འཛིན་སྟངས་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།5.སྤྱི་ཚོགས་བདེ་འཇགས་ཏེ། སྤྱི་ཚོགས་བདེ་སྲུང་དང་སྤྱི་པའི་འཕྲོད་བསྟེན། མི་དམངས་ཚེ་སྲོག་རྒྱུ་ནོར་བཅས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ།6.དྲ་རྒྱའི་བདེ་འཇགས་ཏེ། དྲ་རྒྱའི་འཇབ་རྒོལ་དང་ཆ་འཕྲིན་ཕྱིར་ཤོར་བ། དྲ་རྒྱའི་དཀྲོག་གཏམ་སོགས་དྲ་རྒྱའི་ཉེན་ཁར་སྔོན་འགོག་བྱེད་པ།7.སྐྱེ་ཁམས་བདེ་འཇགས་ཏེ། སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་སྲུང་བྱེད་པ།8.ཐོན་ཁུངས་བདེ་འཇགས་ཏེ། གཙོ་གནད་བདེ་འཇགས་དང་ཕྱི་རྒྱལ་ཁེ་ཕན་བདེ་འཇགས་སོགས་ཁྱབ་ཁོངས་ཆེན་པོ་བཅུ་དྲུག་ཡོད།

བཞི། བྱ་སྤྱོད་འདི་དག་ལ་གཟབ་གཟབ་བྱ་དགོས།

1.མི་སྒེར་གྱི་ཆ་འཕྲིན་དང་བྱ་བའི་གསང་བ་གང་འདོད་དུ་ཕྱིར་ཤོར་དུ་འཇུག་མི་རུང་ལ། ཁྲིམས་འགལ་མི་སྣས་བེད་སྤྱོད་བྱེད་པར་ནན་འགོག་བྱ་དགོས།2.གང་འདོད་དུ་དམག་དོན་གཏན་འགོག་ཁུལ་དང་སྲིད་གཞུང་སྡེ་ཁག་སོགས་དམིགས་བསལ་ས་ཁུལ་བརྙན་པར་མི་ལེན་པ་དང་། དེ་ཡི་བརྙན་དང་པར་སོགས་བརྒྱུད་གཏོང་ཡང་བྱེད་མི་རུང་།3.རྒྱུས་མེད་ཀྱི་སྦྲེལ་མཐུད་དང་ལེན་མི་བྱེད་པ་དང་རྒྱུས་མེད་ཀྱི་མཉེན་ཆས་ཕབ་ལེན་མི་བྱེད་པར། དྲ་རྒྱའི་སྟེང་རང་གི་གསང་བ་ཤོར་བར་དོགས་ཟོན་ནན་མོ་བྱ་དགོས།4.ཁྲིམས་འགལ་རྩ་འཛུགས་ལ་མི་ཞུགས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་གཏམ་གླེང་བརྒྱུད་སྒྲོག་བྱེད་མི་རུང་།5.དོགས་གཞི་ཡོད་པའི་མི་དང་བྱ་འགུལ་ཤེས་ཚེ་དུས་ཐོག་ཏུ་ཐེར་འདོན་བྱ་དགོས།

ལྔ། རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཡོད་པ་ཤེས་ཚེ་ཇི་ལྟར་བྱ།

དེ་ལ་ཐེར་འདོན་བྱེད་ཐབས་འདི་དག་ཡོད་དེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཐེར་འདོན་ཁ་པར་ཨང་གྲངས12339ལ་འབྲེལ་ནས་ཐེར་འདོན་བྱེད་པ།www.12339.gov.cnདྲ་ལམ་ཐེར་འདོན་སྟེགས་བུ་ནས་ཐེར་འདོན་བྱེད་པ།ཡང་ན་ཐད་ཀར་རང་ས་གནས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་སུ་སོང་ནས་ཡུལ་དངོས་ནས་ཐེར་འདོན་བྱེད་པ།རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་དོན་དག་ཅིག་ཡིན་ན་དེ་ལ་ཆེ་ཆུང་གཙོ་ཕལ་མེད་པས། ཁྲིམས་འགལ་ཉེས་བསགས་ཐེར་འདོན་བྱེད་པ་ནི་ང་ཚོ་སྤྱི་དམངས་ཡོངས་ཀྱི་ཁེ་དབང་ཡིན་ལ་འོས་འགན་ཡང་ཡིན།

མཇུག་གི་གཏམ།

རྒྱལ་ཁབ་བདེ་འཇགས་བྱ་བ་ནི་བྱེ་བྲག་གི་དོན་དག་ཆུང་ངུ་ནས་མགོ་བརྩམས་ཏེ། བདག་གཞན་སྐྱེ་བོ་ཡོད་དོ་ཅོག་གིས་གཙུག་ཏུ་བཀུར་ཏེ་དམ་དུ་སྲུང་དགོས་པ་ཞིག་ཡིན།ཡང་དག་པའི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་བསྐྱངས་ཏེ། མཚན་གྱི་མེལ་ཚེ་དང་ཉིན་གྱི་བྱ་རའི་བརྟུལ་ཞུགས་བཟུང་ནས་འདི་ཉིད་གཙུག་ཏུ་བཀུར་ཏེ་དམ་དུ་སྲུང་།རྒྱལ་ཁབ་བདེ་འཇགས་དམ་དུ་སྲུང་། བདེ་འཇགས་ཀྲུང་གོ་མཉམ་དུ་སྐྲུན།

མཚོ་སྔོན་ཁྲིམས་སྐྱོང་ཚགས་པར་ལས་དྲངས།