国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

རྒྱལ་ཁབ་བདེ་འཇགས་ཤེས་བྱའི་དྲིས་ལན་བརྒྱ་པ།

(ཚགས་པར་པར་གོང་མར་མཐུད)

43.ཆབ་སྲིད་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྩ་བ་ཡིན་ཟེར་དོན་ཅི་ཡིན་ནམ།

རྒྱལ་ཁབ་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་དབང་། ལམ་ལུགས། འདུ་ཤེས་འཛིན་སྟངས་བཅས་བརྟན་པོ་ཡོང་བར་འབྲེལ་བ་དང་། རྒྱལ་ཁབ་ཅིག་གི་རྩ་བའི་དགོས་མཁོ་ཡིན་པར་མ་ཟད། རྒྱལ་ཁབ་གང་དེ་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཡིན། ཆབ་སྲིད་བདེ་འཇགས་ནི་རྒྱལ་ཁབ་ཡུན་རིང་བདེ་སྐྱོང་དང་འབྲེལ་བ་ཡོད་པར་མ་ཟད། མི་རིགས་བསྐྱར་དར་དང་མི་དམངས་ཀྱི་བདེ་སྐྱིད་དང་དེ་བས་འབྲེལ་བ་དམ་ཟབ་ཡོད། ཆབ་སྲིད་བདེ་འཇགས་ཀྱིས་ཁྱབ་ཁོངས་གཞན་དག་གི་རྒྱལ་ཁབ་བདེ་འཇགས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཞིང་། ཁྱབ་ཁོངས་གཞན་དག་གི་རྒྱལ་ཁབ་བདེ་འཇགས་ལ་སྲིད་དབང་དང་ལམ་ལུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་ཀྱི་ཡོད། ཆབ་སྲིད་བདེ་འཇགས་ཀྱི་འགན་སྲུང་མེད་ཚེ། ཁྱབ་ཁོངས་གཞན་དག་གི་རྒྱལ་ཁབ་བདེ་འཇགས་ཞེས་པ་གླེང་ཐབས་མེད། ཆབ་སྲིད་བདེ་འཇགས་ཀྱི་མཐོ་ཚད་ནས་ཁྱབ་ཁོངས་གཞན་དག་གི་བདེ་འཇགས་འཆར་འགོད་དང་སྐུལ་སྤེལ་བྱས་ཚེ། ད་གཟོད་རྒྱལ་ཁབ་ཀྱི་ཁེ་ཕན་ལ་འགན་སྲུང་ལེགས་པོ་ཐོབ་སྟེ། ཏང་གི་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད། མི་དམངས་བདེ་སྡོད་ལས་སྤྲོ་བཅས་ཡོང་བ་མངོན་འགྱུར་བྱ་ཐུབ།

44.འདུ་ཤེས་འཛིན་སྟངས་ཀྱི་གལ་ཆེན་རང་བཞིན་ཇི་ལྟར་ངོས་འཛིན་དགོས་སམ།

འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ཞེས་པ་ནི་ཆབ་སྲིད་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་ཁེ་ཕན་མངོན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྲུང་ཡོལ་གལ་ཆེན་ཡིན། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་ཧ་ཅང་གལ་ཆེ་བའི་ལས་དོན་ཞིག་ཡིན་ལ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལེགས་པར་བསྒྲུབ་ཐུབ་མིན་ནི་ཏང་གི་མདུན་ལམ་དང་ལས་དབང་ལ་རག་ལས་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་དང་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་སེམས་ཤུགས་འདོན་ས་དང་རག་ལས།

45.དུས་དང་རྣམ་པ་ཀུན་ཏུ“ཁ་དོག་གསར་བརྗེ”ལ་དོགས་ཟོན་བྱེད་དགོས་དོན་ཅི་ཡིན་ནམ།

དེང་སྐབས། དགྲར་འཛིན་སྟོབས་ཤུགས་སྣ་ཚོགས་ཀྱིས་རྟག་ཏུ་རང་རྒྱལ་དུ“ཁ་དོག་གསར་བརྗེ”སྤེལ་རྒྱུའི་ངན་ཇུས་བཟོས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་བསློག་རྒྱུའི་ངན་སེམས་བཅངས་ཡོད་པ་རེད། དེ་ནི་རང་རེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ཐད་ནས་གདོང་གཏོད་དགོས་པའི་དངོས་ཡོད་ཉེན་ཁ་ཞིག་རེད། ཁོ་ཚོའི་དམིགས་ས་གཙོ་བོ་ནི་འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་ཡིན་ཏེ། མི་རྣམས་ཀྱི་བསམ་བློ་རྙོག་འཛིང་དུ་བཟོས་རྗེས། ཆུ་རྙོག་ནང་ནས་ཉ་འཛིན་པ་དང་ཟིང་ཟིང་ཁྲོད་ནས་རྒྱལ་ཁ་ལེན་རྒྱུའི་ངན་སེམས་བཅངས་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “གལ་ཏེ་ཉིན་ཞིག་ང་ཚོའི་མིག་མདུན་དུ‘ཁ་དོག་གསར་བརྗེ’ལྟ་བུའི་རྙོག་འཛིང་གི་གནས་བབ་ཞིག་ལྷགས་ཚེ། ང་ཚོའི་ལས་བྱེད་པ་རྣམས་ཀྱིས་སྔར་བཞིན་ཡར་ལངས་ཏེ་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ནམ” ‘ཁ་དོག་གསར་བརྗེ’ལ་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དུས་རྟག་པར་ཚད་མཐོའི་དོགས་ཟོན་དང་འགོག་ཟོན་ལ་ཤུགས་བསྣན་ཏེ། འབྲེལ་ཡོད་ཁྲིམས་འགལ་གྱི་ནག་ཉེས་བྱ་འགུལ་གཏན་འགོག་དང་རྡུང་རྡེག་བྱེད་དགོས།

46.མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཉེན་ཁ་སྔོན་འགོག་བྱེད་པའི་ནུས་པ་ཇི་ལྟར་མཐོ་རུ་གཏོང་དགོས།

ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།ཆབ་སྲིད་ཀྱི་གནད་དོན་སློང་སླ་བ་དང་ཁྱད་པར་དུ་གློ་བུར་དོན་རྐྱེན་ཆེན་པོ་འབྱུང་སླ་བའི་རྒྱུ་དང་རྐྱེན་སྣ་ཚོགས་མཐོང་བའི་མིག་དགོས་པ་མ་ཟད། རྒྱུ་རྐྱེན་དེ་རིགས་སྔ་མོ་ནས་མཐོང་ཞིང་མགྱོགས་པོར་ལག་ལེན་དུ་བསྟར་ནས། དུས་ཐོག་ཏུ་ཆབ་སྲིད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བར་བྱེད་དགོས། ཁྱབ་ཁོངས་མི་འདྲ་བའི་ཉེན་ཁ་རིགས་འགྱུར་འབྱུང་ལམ་ལ་མཐོང་ཆེན་བྱེད་པ་མ་ཟད་དུས་ཐོག་ཏུ་འབྱུང་ལམ་དེ་རིགས་གཅོད་ཡག་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཉེན་ཁ་སྣ་ཚོགས་སྣོལ་མར་དུ་འབྱུང་བར་གཡོལ་བ་དང་། སྤྱི་པའི་རང་བཞིན་མ་ཡིན་པའི་ཉེན་ཁ་དེ་སྤྱི་པའི་རང་བཞིན་གྱི་ཉེན་ཁར་རྒྱ་སྐྱེད་པ་སྔོན་འགོག་བྱེད་པ་དང་། ཆབ་སྲིད་རང་བཞིན་མིན་པའི་ཉེན་ཁ་དེ་ཆབ་སྲིད་རང་བཞིན་གྱི་ཉེན་ཁར་མཆེད་པ་སྔོན་འགོག་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་བཏང་ནས། རལ་གྲི་ཕྱུང་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པའི་སྒོ་ནས་དགྲ་བོའི་གནས་ཚུལ་རྟོགས་མི་ཐུབ་པ་དང་ཡིན་མིན་དབྱེ་འབྱེད་བྱེད་མི་ཐུབ་པ། ཁ་ཕྱོགས་དབྱེ་འབྱེད་བྱེད་མི་ཐུབ་པའི་ཆབ་སྲིད་ཐད་ཀྱི་སྦྲིད་ནད་མཐའ་གཅིག་ཏུ་བཀག་འགོག་དང་སེལ་བར་བྱེད་དགོས། 

47.རྒྱལ་ཁོངས་བདེ་འཇགས་ཀྱི་གོ་དོན་ནི་ཅི་ཞིག་ཡིན་ནམ།

རྒྱལ་ཁོངས་བདེ་འཇགས་ནི་མངའ་ཁོངས་དང་རང་བྱུང་ཐོན་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གྲུབ་རྐྱེན་ལ་ཁྱབ་ཅིང་། དེའི་སྲོག་ཤིང་ནི་མངའ་ཁོངས་ཆ་ཚང་དང་རྒྱལ་ཁབ་གཅིག་གྱུར་ཡོང་བ་དང་། མཐའ་མཚམས་མཐའ་ཁུལ་དང་རྒྱ་མཚོའི་ཁེ་དབང་སོགས་ལ་གནོད་འཚེ་མི་ཐེབས་པ་དང་ཡང་ན་འཇིགས་སྐུལ་མི་ཐེབས་པའི་རྣམ་པར་གནས་པའི་ཁར། གནས་སྟངས་དེ་རིགས་རྒྱུན་མཐུད་དུ་རྒྱུན་འཁྱོངས་ཐུབ་པའི་ནུས་པ་ལ་བསྟན། རྒྱལ་ཁོངས་བདེ་འཇགས་ནི་རྒྱལ་ཁབ་འཛུགས་པའི་རྨང་གཞི་དང་རྒྱལ་ཁབ་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཆ་རྐྱེན་ཡིན།

48.རྒྱལ་ཁོངས་བདེ་འཇགས་སྲུང་སྐྱོང་བྱེད་པར་ལས་འགན་གཙོ་བོ་གང་དག་ཡོད་དམ།

རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ནང་གཏན་འབེབས་བྱས་དོན། རྒྱལ་ཁབ་ཀྱིས་མཐའ་སྲུང་དང་མཚོ་སྲུང་། མཁའ་སྲུང་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། དགོས་ངེས་ཀྱི་འགོག་སྲུང་དང་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ཡོད་ཚད་སྤྱད་དེ། མངའ་ཁོངས་ཀྱི་སྐམ་ས་དང་ནང་ཁུལ་གྱི་ཆུ་བོ། མངའ་ཁོངས་ཀྱི་རྒྱ་མཚོ་དང་བར་སྣང་བཅས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་བྱེད་དགོས།

49.རྒྱལ་ཁོངས་བདེ་འཇགས་དང་མངའ་ཁོངས་གཞན་དག་གི་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད་ཟེར་དོན་ཅི་ཡིན་ནམ།

རྒྱལ་ཁོངས་བདེ་འཇགས་དེ་རྒྱལ་ཁབ་བདེ་འཇགས་ཀྱི་ཆེས་ཚོར་སྐྱེན་ལྡན་པའི་རྒྱུ་རྐྱེན་ཞིག་ཡིན་པས། དེར་མཉམ་སྒུལ་རང་བཞིན་ཆེན་པོ་ལྡན་པ་ཞིག་ཡིན། གལ་ཏེ་རྒྱལ་ཁོངས་བདེ་འཇགས་ལ་ངེས་པ་དོན་གྱིས་སྲུང་སྐྱོང་ནུས་ལྡན་བྱས་ཐུབ་ཚེ། རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བདེ་འཇགས་བཅས་ལ་འགན་སྲུང་བྱེད་ཐུབ་ཅིང་། གལ་ཏེ་རྒྱལ་ཁོངས་བདེ་འཇགས་ལ་གཏོར་བརླག་ཐེབས་ཚེ། མངའ་ཁོངས་གཞན་དག་གི་བདེ་འཇགས་ལའང་དེ་མ་ཉིད་དུ་ཤུགས་རྐྱེན་ཐེབས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་པའི་ཉེན་ཁ་བསླང་སྲིད། དུས་མཚུངས་སུ། མངའ་ཁོངས་གཞན་དག་གི་བདེ་འཇགས་ཀྱིས་རྒྱལ་ཁོངས་བདེ་འཇགས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་ཡིན། མངའ་ཁོངས་གང་ཞིག་གི་བདེ་འཇགས་ལ་གནད་དོན་བྱུང་ཚེ། དེས་ཐད་ཀར་དང་བར་བརྒྱུད་གང་རུང་ནས་རྒྱལ་ཁོངས་བདེ་འཇགས་ལ་འཇིགས་སྐུལ་ཐེབས་སྲིད། དཔེར་ན“ཐའེ་ཝན་རང་བཙན” དང་“བོད་རང་བཙན” སོགས་ཁ་བྲལ་སྟོབས་ཤུགས་ཀྱིས་རང་རེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པ་མ་ཟད། རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བར་ཡང་འཇིགས་སྐུལ་ཆེན་པོ་ཐེབས་པ་ལྟ་བུ་རེད། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།