国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月24日

རྒྱལ་ལམ318ཀྱི་དོན་རྐྱེན་ལས་འཕྲོས་པའི་མི་གཤིས་ཀྱི་མཛེས་ཉམས།

ཉེ་ཆར། རྒྱལ་ལམ318ཁྲོན་བོད་ལམ་ཐིག་ཐོག་ཏུ་རླངས་འཁོར་ཕན་ཚུན་གཙུབ་པའི་དོན་རྐྱེན་ཞིག་བྱུང་། དོན་རྐྱེན་ཐག་གཅོད་བྱེད་སྐབས་སུ་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བྱུང་བར་ཀུན་གྱིས་དོ་སྣང་ཆེན་པོ་བྱས། ཟླ4པའི་ཚེས4ཉིན་རྒྱལ་ལམ318ཆབ་མདོའི་ལམ་དུམ་དུ་དྲ་མིང་ལ“དབྱེ་ཧེ་ཡིས་ལས་གཡོལ་བྱ”ཟེར་མཁན་གྱི་ཡུལ་སྐོར་བ་ཞིག་གིས་རླངས་འཁོར་བཏང་ནས་འགྲོ་སྐབས་སུ་བོད་པའི་འདྲུད་འཐེན་འཕྲུལ་འཁོར་ཞིག་དང་གཙུབ་བྱུང་། གནས་ཚུལ་འབྱུང་ཡུལ་དུ་འདྲི་རྩད་བྱས་པ་བརྒྱུད་རླངས་འཁོར་ཞིག་གསོ་བྱ་ན་སྒོར600དགོས་པ་ཤེས། ཕྱོགས་གཉིས་ཀས་གྲོས་མོལ་བྱེད་སྐབས་སུ་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་བྱུང་བ་རེད། བོད་རིགས་ཕོ་རྒོད་དེའི་ཁྱིམ་ཚང་གི་འབྱོར་བ་ཞན་པ་དང་། ལག་གི་སྒོར500ཡང་གཞན་ནས་གཡར་བ་ཡིན་འདུག ཡིན་ནའང་གཞུང་དྲང་ཟོལ་མེད་ཀྱི་བོད་རིགས་ཕོ་རྒོད་དེས་སྔར་བཞིན་སྒོར་མོ་ཚང་མ་སྤྲད་དེ་སྐྱིན་ཚབ་སྤྲོད་རྩིས་བྱས། སྐབས་དེར་ཡུལ་དངོས་སུ་སླེབས་པའི་ཉེན་རྟོག་པས་རླངས་འཁོར་ཞིག་གསོ་དང་སྐད་སྒྱུར་བྱེད་རོགས་བྱས་ཤིང་། ཕྱོགས་གཉིས་ཀ་འདུམ་འགྲིག་བྱེད་པར་འབད་བརྩོན་བྱས། ཕྱོགས་གཉིས་ཀའི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་སུ། ཉེན་རྟོག་པས་སྒོར100བཏོན་ནས་སྐྱིན་ཚབ་ལ་ཁ་གསབ་སྤྲོད་འཆར་བྱས། གཞུང་རྒྱུད་དྲང་བའི་བོད་པ་དང་ལྷག་བསམ་གཙང་བའི་ཉེན་རྟོག་པ་མཐོང་སྐབས། སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་མཁན་གྱི་བུ་མོ་ཆུང་ཆུང་དེའི་མིག་ལ་མཆི་མ་འཁོར་བཞིན། “ཚང་མར་དཀའ་ངལ་ལོས་ཡོད།”“ང་ཚོ་སོ་སོས་འགྲོ་གྲོན་ཚང་མ་བཏང་ཆོག”“ང་ཚོ་ད་ལྟ་ལོ་ཆུང་ཆུང་ཡིན་པས་དངུལ་མང་པོ་བསགས་ཐུབ་ཀྱི་རེད། དེ་འདྲ་སྐྱོན་མེད”ཅེས་བཤད། དོན་རྐྱེན་ཆུང་ཆུང་འདི་ལས་མི་གཤིས་ཀྱི་ཡིད་དུ་འོང་བའི་དྲོད་འཇམ་དེ་ཚོར་བྱུང་། དོན་རྐྱེན་བྱུང་རྗེས། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གྱི་གསར་འགོད་པས་འཕྲལ་མར་དྲ་ཐོག་མིང་ཅན་དེ་དང་འབྲེལ་བ་བྱས་ནས་དོན་རྐྱེན་གྱི་གནས་ཚུལ་ཞིབ་ཕྲར་ཞིབ་དཔྱད་དང་། གཞུང་ཕྱོགས་ཀྱི་འཁྱུག་དབྱིངས་དང་། བརྙན་ལམ། མགྱོགས་འཕྲིན། པོད་འཕྲིན་སོགས་ལས་སྟེགས་བརྒྱུད་གསར་དུ་བྱུང་བའི་གནས་ཚུལ་སྤེལ་ཏེ་ས་ཡུལ་དངོས་ཀྱི་པར་རིས་དང་། ཡི་གེའི་ལམ་ནས་རྩོད་གཞི་མེད་ཅིང་། རང་འགན་འཁུར་ཕོད་པ། བསམ་ཤེས་ཐུབ་པ། བཅོས་མིན་གྱི་རང་གཤིས་བཟང་པོ་མངོན་པའི་སྐད་ཅིག་མ་འདི་ཟིན་ཐོར་འཁོད། བརྙན་ཐུང་དང་པར་རིས་ཡོངས་བསྒྲགས་བྱས་རྗེས་བོད་ལྗོངས་སུ་ཡོང་མཁན་གྱི་ཡུལ་སྐོར་བ་དང་། ས་གནས་དེ་གའི་མང་ཚོགས་ཁྲོད་ཤུགས་ཆེན་ཁྱབ་ནས་གླེང་མོལ་བྱེད་མཁན་མང་པོ་ཡོད་ཁར་དྲ་གྲོགས་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་སྟོར། འབྲེལ་ཡོད་བརྗོད་གཞི་དེ་གྲོང་ཁྱེར་གཅིག་གི་འཚོལ་བཤེར་བྱེད་མང་ཤོས་ཀྱི་གནས་ཚུལ་ལ་གྱུར། དེ་རྗེས་མི་དམངས་ཉིན་རེའི་ཚགས་པར་དང་། ཀྲུང་གོ་གཞོན་ནུའི་ཚགས་པར། པེ་ཅིང་བརྙན་འཕྲིན་ལས་ཁུངས། ཞོགས་པའི་གསར་འགྱུར་ཚགས་པར་སོགས་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་དོན་བརྒྱུད་འགོད་བྱས་ནས། མི་སེམས་དྲོ་བར་བྱེད་པའི་དོན་རྐྱེན་དེ་ལས་སྟེགས་མང་པོས་ཁྱབ་བསྒྲགས་བྱས་ཡོད། བརྙན་ལམ་ཐུང་ངུའི་ལས་སྟེགས་ནས་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་བར་དང་། གཙོ་རྒྱུན་གསར་འགྱུར་གྱི་དྲ་ཚིགས་ནས་སྲོལ་རྒྱུན་བརྙན་འཕྲིན་སྨྱན་སྦྱོར་བར་མཐོ་སྒང་མི་དམངས་ཀྱི་སེམས་བཟང་བརྒྱུད་སྤྲོད་དེ་རྒྱུན་མཐུད་ངང་སྤེལ་ནས་དྲ་རྒྱ་ཁྱོན་ལ་ལྟ་ཀློག་བྱེད་ཚད་དང་བསྟན་ཚད་རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར་ཁ་ཤས་ལས་བརྒལ་བ་དང་། འབྲེལ་ཡོད་བརྗོད་གཞི་བརྙན་ལམ་ཐུང་ངུའི་ལས་སྟེགས་ཐོག་འཚོལ་བཤེར་བྱེད་པའི་གྲལ་མགོར་སླེབས་ཤིང་། རྣམ་དཀར་གྱི་བྱ་བ་ཆུང་ཙག་དེས་དྲ་གྲོགས་གྲངས་ལས་འདས་པར་སེམས་འགུལ་ཆེན་པོ་ཐེབས་ནས་ཟོལ་ལྷད་མེད་པའི་སྤྱོད་ལམ་དེར་རྗེས་སུ་ཡི་རངས་བྱེད་བཞིན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།