འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4ཚེས20ཉིན་གྱི་སྔ་དྲོ། 2026ལོའི་ལོ་འཁོར་གྱི“རིག་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་དང་ཆབ་མདོ་གྲོང་ཁྱེར་གྱི“དམར་མདངས་ཀྱིས་ཁྲིད་སྟོན་བྱེད། ལམ་སྣ་འདྲེན། དཔེ་ཀློག་གིས་བླ་སྲོག་གཏོད”ཅེས་པའི་མང་ཚོགས་རང་བཞིན་གྱི་དཔེ་ཀློག་མུ་འབྲེལ་བྱེད་སྒོ“ཕ་ཡུལ་དུ་རྩོམ་རིག་གི་ཆར་པ་བབས། དཔེ་ཀློག་གི་དྲི་བསུང་གིས་གང་སར་ཁྱབ”ཞེས་པ་ཁ་རུབ་ཆུས་སྐྱ་ཐང་སྲང་ལམ་སྡེ་ཁུལ་དུ་འགོ་ཚུགས་པ་དེས་སྐྱ་ཐང་སྲང་ལམ་སྡེ་ཁུལ་གྱི་མང་ཚོགས་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་རྣམ་པ་འཁྲུག་ཆ་དོད་པོ་ཡོད། གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདན་ཞུ་བྱས་པའི་ཡིག་གཟུགས་མཁས་ཅན3དང་མངོན་མིན་རིག་གནས་ཤུལ་བཞག་གི་ཐང་ག་འབྲི་མཁན1བཅས་ཀྱིས་ས་གནས་ས་ཐོག་ཏུ“ཕ་ཡུལ་དུ་རྩོམ་རིག་གི་ཆར་པ་བབས། དཔེ་ཀློག་གི་དྲི་བསུང་གིས་གང་སར་ཁྱབ”ཞེས་པ་གཙོ་དོན་དུ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་རིས་བརྩམས་ཆོས་གསར་རྩོམ་བྱས་པ་དང་། བརྩམས་ཆོས་རེ་རེ་དེ་གའི་གྲོང་མིར་ཕུལ་ནས་དེ་གར་དགའ་སྤྲོའི་དགོད་སྒྲས་ཁེངས་ལ་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་ཀྱང་ཆགས་ཡོད། དེའི་རྗེས“ངའི་ཆབ་མདོའི་གཏམ་རྒྱུད”ཅེས་པའི་མཉམ་སྤྱོད་ཚོགས་འདུ་སྤེལ་འགོ་ཚུགས་པ་དང་། བྱེད་སྒོའི་ནང་ས་གནས་དེ་གའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་ཁམས་སྨན་གསར་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་གདན་དྲངས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ལྟ་ཀློག་དང་འཚོ་བ། འབད་འཐབ་བཅས་ཀྱི་གཏམ་རྒྱུད་བརྗོད་ཡོད་པ་རེད།

