(ཚགས་པར་པར་གོང་མར་མཐུད)
17.རྒྱལ་ཁབ་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པའི་ཚད་མཐའི་བསམ་གཞིགས་ལ་ཇི་ལྟར་ཤུགས་སྣོན་དགོས་སམ།
ཚད་མཐའི་བསམ་གཞིགས་ཞེས་པ་ནི་སྤྱི་མཐོང་སྒོས་ཆེས་དམའ་བའི་དམིགས་འབེན་གཏན་ཁེལ་དང་། ཆེས་མི་ལེགས་པའི་མཇུག་འབྲས་ལ་རྐང་ཚུགས་ཏེ། རེ་བ་ཆེན་པོ་བརྩོན་ལེན་བྱས་ནས་བྱ་བར་བསམ་གཞིགས་དང་ཇུས་འགོད། སྐུལ་འདེད་བཅས་བྱ་རྒྱུའི་བསམ་བློ་གཏོང་སྟངས་ལ་བསྟན་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “‘ཚད་མཐའི་བསམ་གཞིགས’ཀྱི་བྱེད་ཐབས་སྤྱོད་མཁས་བྱས་ཏེ། དོན་དག་ཅི་ཡིན་མཇུག་འབྲས་ངན་པའི་ཕྱོགས་ནས་གྲ་སྒྲིག་བྱས་ཐོག་འབྲས་བུ་བཟང་པོ་ཐོན་རྒྱུ་བརྩོན་ལེན་བྱ་དགོས་ཤིང་། དེ་ལྟར་བྱས་ཚེ་ད་གཟོད་གྲ་སྒྲིག་ཡོད་པས་སེམས་ཁྲལ་མེད་པ་དང་དོན་ལ་ཐུག་ན་མི་འཚབ་པར། རང་འགུལ་ལག་ཆ་ལག་ཏུ་དམ་པོར་འཛིན་ཐུབ”ཅེས་ཐེངས་མང་པོར་ནན་གྱི་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བར་དམིགས་ནས་བཏོན་པའི་བཞེད་དགོངས་གལ་ཆེན་དང་བརྡར་གཅོད་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ནི་དཀའ་གནད་གསེད་འགྲོལ་དང་དཀའ་སེལ་འགག་སྒྲོལ། རྒྱལ་ཁབ་ཀྱི་བདེ་འཇགས་བྱ་བ་ཐག་གཅོད་པ་བཅས་ཀྱི་གཏིང་རིམ་པའི་གནད་དོན་ལ་དམིགས་ནས་བཏོན་པ་ཞིག་རེད། དཔེར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ“ང་ཚོས་ཉེན་ཁ་སྣ་ཚོགས་སྔོན་འགོག་ཚོད་འཛིན་བྱེད་དགོས་མོད། འོན་ཀྱང་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་འཕེལ་རིམ་ལ་འགོར་འགྱངས་དང་བར་ཆད་བཟོ་བའི་སྤྱི་ཡོངས་རང་བཞིན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་དགོས། འདི་ནི་ངས་རྒྱུན་དུ་ཚད་མཐའི་བསམ་གཞིགས་ཀྱི་རྩ་བའི་གོ་དོན་ནན་བཤད་བྱེད་དགོས་དོན་དེ་ཡིན”ཞེས་གསུངས་མྱོང་། ཚད་མཐའི་བསམ་གཞིགས་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས་ན། དུས་ནམ་ཡང་ཀླད་པ་གསལ་བོར་བྱས་ཏེ། “གནམ་འོག་དེ་འདྲའི་ཞི་བདེ་མིན་པ”ཡི་དོན་དངོས་ལ་ངོས་འཛིན་གསལ་བོ་བྱས་ཏེ། སེམས་ཁྲལ་འདུ་ཤེས་དང་བདེ་སྡོད་ཉེན་བསམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཆུ་མ་ཡོང་གོང་ལ་རགས་བརྒྱབ་སྟེ། གནས་བབ་ངན་པར་གདོང་གཏོད་པའི་གྲ་སྒྲིག་ལེགས་པོ་བྱེད་དགོས།
18.ཇི་ལྟར་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་རྒྱལ་ཁབ་བདེ་འཇགས་བྱ་བ་སྤེལ་དགོས་སམ
ཁྲིམས་སྐྱོང་བསམ་བློ་ནི་བཅའ་ཁྲིམས་དེ་ཡིན་མིན་བརྡར་ཤ་གཅོད་པ་དང་དོན་དག་ཐག་གཅོད་པའི་ཚད་གཞིར་འཛིན་པ་ཞིག་ཡིན་ལ། དེས་ཁྲིམས་སྐྱོང་ལ་བརྩི་བཀུར་དང་བཅའ་ཁྲིམས་ལ་བརྩི་འཇོག བཅའ་ཁྲིམས་ཀྱི་བྱེད་ཐབས་སྤྱོད་མཁས་པ་བཅས་བྱས་ཏེ་གནད་དོན་ཐག་གཅོད་པ་དང་བྱ་བར་སྐུལ་སྤེལ་བྱེད་པ་རེད། ཁྲིམས་ལྟར་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་ཁྲིམས་ལྟར་ཕྱོགས་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བའི་འགན་སྲུང་གལ་ཆེན་ཡིན། གནས་བབ་གསར་པའི་ལས་འགན་གསར་པར་གདོང་གཏོད་སྐབས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱོད་མཁས་པར་བྱས་ཏེ་རྒྱལ་ཁབ་བདེ་འཇགས་བྱ་བ་སྤེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་བདེ་འཇགས་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།
19.རྒྱལ་ཁབ་བདེ་འཇགས་བྱ་བའི་གསར་གཏོད་ནུས་པ་ཇེི་ལྟར་མཐོར་འདེགས་གཏོང་དགོས་སམ།
གསར་གཏོད་ནུས་པ་ཞེས་པ་ནི་དུས་བབ་དང་བསྟུན་ཞིང་དུས་བསྟན་ལྷན་སྐྱོད་སྒོས་དཀའ་ངལ་གདོང་གིས་བསུས་ཏེ། རིགས་ལམ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ། བྱེད་ཐབས་གསར་པ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་གཙིགས་སུ་བཟུང་ནས་བྱ་བ་སྒྲུབ་པ་ལ་ཟེར།གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོ་ཡིན་ལ།རྒྱལ་ཁབ་བདེ་འཇགས་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བའི་འཐབ་ཇས་ཀྱི་རྟེན་ས་གསར་པ་ཞིག་ཀྱང་ཡིན།གནས་བབ་ཀྱིས་ལས་འགན་ཐག་གཅོད་པས།རྒྱལ་ཁབ་བདེ་འཇགས་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གིས་རྒྱལ་ཁབ་བདེ་འཇགས་བྱ་བ་གསར་གཏོད་བྱེད་པར་བླང་བྱ་གསར་པ་བཏོན་ཡོད།ཕྱི་ཕྱོགས་སུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པ་དང་།ནང་ཁུལ་དུ་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱེད་པའི་གནོན་ཤུགས་ཉིས་བརྩེགས་ལ་གདོང་གཏད་དེ།ངེས་པར་དུ་ཁྱབ་ཁོངས་རིགས་ཤིག་གི་བདེ་འཇགས་ཁོ་ནར་སྲུང་སྐྱོང་བྱེད་པའི་བསམ་གཞིགས་བྱེད་སྟངས་བསྒྱུར་ཏེ།རྒྱལ་ཁབ་ཀྱི་ཕྱོགས་བསྡུས་བདེ་འཇགས་དང་འཐབ་ཇུས་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རྒྱ་སྐྱེད་པའི་བསམ་བློའི་འདུ་ཤེས་བཅངས་ཏེ།རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་དང་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།
20.འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བར་གོ་བ་ཇི་ལྟར་ལེན་དགོས།
རྒྱལ་སྐྱོང་སྲིད་གཉེར་བྱེད་པར་འཕེལ་རྒྱས་དང་བདེ་འཇགས་ཞེས་པའི་དོན་ཆེན་གཉིས་ངེས་པར་དུ་གཅིག་གྱུར་འཆར་འགོད་བྱེད་དགོས།འཕེལ་རྒྱས་དང་བདེ་འཇགས་ནི་བྱ་ཞིག་གི་གཤོག་ཟུང་དང་རླངས་འཁོར་ཞིག་གི་གཞོགས་གཉིས་ཀྱི་འཁོར་ལོ་དང་མཚུངས།འཕེལ་རྒྱས་ནི་བདེ་འཇགས་ཀྱི་རྨང་གཞི་དང་དམིགས་ཡུལ་ཡིན་ལ།བདེ་འཇགས་ནི་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་འགན་སྲུང་ཡིན།དེ་བས་འཕེལ་རྒྱས་དང་བདེ་འཇགས་ལ་དུས་མཉམ་དུ་སྐུལ་འདེད་གཏོང་དགོས།འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱོད་མཁས་པར་བྱས་ཏེ་རྒྱལ་ཁབ་བདེ་འཇགས་ཀྱི་དངོས་སྟོབས་དང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་བདེ་འཇགས་ཁོར་ཡུག་ཡང་བསྐྲུན་ཤེས་བྱེད་དགོས།
21.མི་དམངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་བ་བཅས་ཀྱི་འབྲེལ་བར་གོ་བ་ཇི་ལྟར་ལེན་དགོས།
རང་རེ་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་ལམ་ལུགས་དང་སྲིད་དབང་གི་ལམ་ལུགས་ཀྱིས་ཏང་དང་མི་དམངས།རྒྱལ་ཁབ་བཅས་ནི་ཐུན་མོང་ཚོགས་པ་ཞིག་ཡིན་པ་ཐག་གིས་བཅད་ཡོད་པ་དང་།དེས་མི་དམངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས།རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་བ་བཅས་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་ཡོད་པའི་གཅིག་གྲུབ་ཀྱི་ཕུང་བོ་ཞིག་ཡིན་པ་ཐག་གིས་བཅད་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “མི་དམངས་ཀྱི་བདེ་འཇགས་ནི་ལྟེ་བ་ཡིན་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་དེ་མཐར་གཏུགས་ན་མི་དམངས་ཀྱི་ཁེ་ཕན་འགན་སྲུང་བྱ་རྒྱུ་དེ་ཡིན་ལ། ཆབ་སྲིད་ཀྱི་བདེ་འཇགས་ནི་མི་དམངས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་རྩ་བའི་ཁག་ཐེག་ཡིན།རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་བ་ནི་མི་དམངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས་མངོན་འགྱུར་བྱེད་པའི་བླང་བྱ་དང་རྩ་དོན་ཡིན།མི་དམངས་ཀྱི་བདེ་འཇགས་དང་ཆབ་སྲིད་ཀྱི་བདེ་འཇགས།རྒྱལ་ཁབ་ཀྱི་ཁེ་ཕན་གོང་དུ་བཀུར་བ་བཅས་ཕན་ལྡན་ངང་གཅིག་གྱུར་བྱས་ཚེ།ད་གཟོད་མི་དམངས་བདེ་སྡོད་ལས་སྤྲོ་དང་ཏང་གིས་ཡུན་རིང་བོར་སྲིད་སྐྱོང་བ།རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བ་བཅས་མངོན་འགྱུར་བྱ་ཐུབ”ཅེས་བསྟན་ཡོད།
22.སྔོན་འགོག་རྒྱུན་འཁྱོངས་བྱས་ཏེ་ཕན་ནུས་ལྡན་པའི་སྒོས་ཉེན་ཁ་ཐག་གཅོད་པར་གོ་བ་ཇི་ལྟར་ལེན་དགོས།
སེམས་ཁྲལ་འདུ་ཤེས་ཇེ་དྲག་དང་ཉེན་ཁའི་འགྲན་སློང་སྔོན་འགོག་བྱེད་པ་ནི་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བས་ངེས་པར་བརྩི་དགོས་པའི་རྩ་དོན་གལ་ཆེན་ཡིན།འགྱུར་བག་རྒོད་པའི་རྒྱལ་སྤྱིའི་གནས་བབ་དང་རྙོག་འཛིང་ཆེ་ལ་ཚོར་སྣང་སྐྱེན་པའི་མཐའ་འཁོར་གྱི་ཁོར་ཡུགབཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ཡོང་དགོས་པའི་དཀའ་ཚེགས་ཀྱི་ལས་འགན་བཅས་ལ་གཏོད་གཏད་དེ།ང་ཚོས་ངེས་པར་དུ་དོགས་ཟོན་ནན་མོ་བྱེད་དགོས། “ངང་པ་ནག་པོའི་དོན་རྐྱེན”ལ་དོགས་ཟོན་བྱེད་དགོས་པར་མ་ཟད།“བདེ་རུ་སྐྱ་བོ”ཡི་དོན་རྐྱེན་ལའང་འགོག་ཟོན་བྱེད་དགོས།ཉེན་ཁ་འགོག་ཟོན་བྱེད་པའི་གྲ་སྒྲིག་སྔོན་ལ་ཡོད་དགོས་པར་མ་ཟད།ཉེན་ཁའི་འགྲན་སློང་ལ་གདོང་གཏོད་པ་དང་དེ་ཞི་ལྷོད་དུ་གཏོང་བའི་ཐབས་ཤེས་ཀྱང་ཡོད་དགོས།ཉེན་ཁ་འགོག་ཟོན་དང་གཏན་འགོག་གི་གྲ་སྒྲིག་དམག་འཐབ་ལེགས་པོ་རྒྱག་དགོས་པར་མ་ཟད།ཉེན་ཁ་བདེ་ལ་བསྒྱུར་བ་དང་ཉེན་ཁ་གོ་སྐབས་སུ་བསྒྱུར་བའི་འཐབ་ཇུས་ཀྱི་རང་འགུལ་དམག་འཐབ་ཀྱང་རྒྱག་དགོས།
23.ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བའི་ཐད་ཀྱི་བྱ་བའི་བླང་བྱ་ཅི་ཞིག་ཡིན་ནམ།
ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་རྒྱུ་ནི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།དེ་མིན་མགོ་ཁྲིད་ལས་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཡིན།ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།དུས་ཀྱི་འཕེལ་ཕྱོགས་ལ་རྒྱུན་དུ་ལྟ་ཞིབ་དང་སྤྱི་ཡོངས་ལ་བསམ་གཞིགས།གནས་བབ་ཀྱི་འཕེལ་ཕྱོགས་དང་དེའི་ཁྲོད་ཡིབས་པའི་ཉེན་ཁའི་འགྲན་སློང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བཅས་བྱས་ཏེ།ཆུ་མ་ཡོང་གོང་ལ་རགས་རྒྱག་དགོས།ཉེན་ཁ་སེལ་བའི་ནུས་པ་ཆེ་རུ་གཏོང་བ་དང་།རྙོག་འཛིང་གི་སྣང་ཚུལ་བརྒྱུད་ནས་ངོ་བོ་ཤེས་རྟོགས་དང་གནད་འགག་དམ་འཛིན།རྒྱུ་རྐྱེན་འཚོལ་ཞིབ།འཕྲལ་ཐག་ཆོད་པོའི་སྒོ་ནས་ཇུས་ཐག་གཅོད་པ།མང་ཚོགས་ལ་སྣེ་ཁྲིད་དང་རྩ་འཛུགས་བྱེད་མཁས་པོ་བྱེད་པ།ཕྱོགས་སོ་སོའི་སྟོབས་ཤུགས་ཧྲག་སྡེབ་དང་ཚན་རིག་དང་མཐུན་པའི་སྒོ་ནས་དམག་དཔུང་བཀོད་སྒྲིག་བྱེད་མཁས་པོ་བཅས་བྱས་ཏེ།ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་དགོས།རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འཐབ་ཇུས་ཀྱི་བསམ་གཞིགས་དང་ལོ་རྒྱུས་ཀྱི་བསམ་གཞིགས།རྩོད་སྒྲུབ་ཀྱི་བསམ་གཞིགས།གསར་གཏོད་ཀྱི་བསམ་གཞིགས།ཁྲིམས་སྐྱོང་གི་བསམ་གཞིགས།ཚད་མཐའི་བསམ་གཞིགས་བཅས་ཀྱི་ནུས་པ་མཐོ་རུ་བཏང་སྟེ།ཟང་ཟིང་རྙོག་འཛིང་གི་འགལ་བའི་ཁྲོད་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་དགོས།ཉེན་ཁ་འགོག་ཟོན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཉེན་ཁ་ཞིབ་འཇུག་བརྡར་གཅོད་བྱེད་པའི་ལམ་སྲོལ་དང་ཇུས་གཅོད་དང་ཉེན་ཁ་དཔྱད་དཔོག་ལམ་སྲོལ།ཉེན་ཁ་སྔོན་འགོག་ཚོད་འཛིན་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ།ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་འཁྲིའི་ལམ་སྲོལ་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
24.རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པ་དང་དེ་བས་ཀྱང་རང་འགུལ་གསར་སྐྲུན་བྱེད་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
ད་ལྟ་རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ནས་རྒྱལ་ཁབ་སྟོབས་ལྡན་དུ་གོམ་པ་སྤོ་བའི་གནད་འགག་གི་དུས་རིམ་དུ་གནས་ཡོད་ཅིང་།དེས་སྤྱི་ཡོངས་ནས་རྒྱལ་ཁབ་བདེ་འཇགས་བྱ་བར་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད།རྒྱལ་ཁབ་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་པར་སྔོན་ལ་དངོས་ཡོད་ལ་རྐང་བཙུགས་ཏེ།རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱེད་དགོས།དུས་མཚུངས་སུ།ཕྱི་ནང་གི་བདེ་འཇགས་ཁོར་ཡུག་རང་འགུལ་ངང་ལེགས་པར་གཏོད་དགོས།རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་རྒྱུན་མཐུད་ཀྱི་གོ་རིམ་ཞིག་ཡིན་ལ།གསར་སྐྲུན་ནི་སྔར་ལས་མཐོ་བའི་རིམ་པ་དང་སྔོན་མཐོང་རང་བཞིན་ལྡན་པའི་སྲུང་སྐྱོང་ཡིན། འཛམ་གླིང་ནི་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་གདོང་གཏད་ཡོད་པས།རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་ནི་འགྲན་སློང་ཞིག་ཡིན་ལ་གོ་སྐབས་ཤིག་ཀྱང་འཁྱེར་ཡོང་ཡོད་པ་རེད།རང་རེ་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་སྟེ།ཉིན་རེ་བཞིན་འཛམ་གླིང་གི་གར་སྟེགས་དཀྱིལ་དབུས་སུ་ཉེ་བར་བཅར་བ་དང་བསྟུན་ནས།སྙིང་སྟོབས་ཆེར་སྐྱེད་དང་རང་འགུལ་གསར་སྐྲུན་བྱས་ཏེ།རྒྱལ་ཁབ་བདེ་འཇགས་བྱ་བའི་རང་འགུལ་དབང་ཆ་བརྟན་པོར་འཛིན་དགོས།འགན་འཁྲི་ཆེན་པོ་འཁུར་བའི་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ།འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་མིིའི་རིགས་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
25.ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་ནི་རྒྱལ་ཁབ་བདེ་འཇགས་བྱ་བ་ལེགས་པར་བསྒྲུབ་པའི་རྩ་བའི་ཐབས་ཤེས་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་ཀྱིས་དངོས་གཙོ་རྩོད་སྒྲུབ་རིག་པ་དེ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ཐད་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་པ་མཚོན་ཡོད།རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བའི་དམིགས་བྱ་ནི་ཁྱབ་ཁོངས་སྣ་ཚོགས་ཀྱི་བདེ་འཇགས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་བདེ་འཇགས་མ་ལག་བཙུགས་ཏེ།ད་ལྟའི་ཟང་ཟིང་རྙོག་འཛིང་གི་བདེ་འཇགས་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་རྒྱུ་དེ་ཡིན་པས།ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དེ་རྒྱལ་ཁབ་བདེ་འཇགས་བྱ་བའི་རྩ་བའི་ཐབས་ཤེས་སུ་བརྩི་བ་ངེས་པར་དུ་ནན་གྱིས་བསྟན་དགོས།ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་ཁྲོད་བཞག་ནས་ཁོང་དུ་ཆུད་པར་བྱེད་པ་དང་།བདེ་འཇགས་ཁྱབ་ཁོངས་ཀྱི་གནད་དོན་སྣ་ཚོགས་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་ལེགས་པོ་བྱེད་དགོས་ན།ཚན་རིག་དང་མཐུན་པར་བརྡར་ཤ་གཅོད་པ་དང་རྩོད་སྒྲུབ་དབྱེ་ཞིབ་བྱེད་པ།ཁྱོན་ཡོངས་ཁོང་དུ་ཆུད་པ།མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་།སྤྱི་ཡོངས་ཀྱི་འཆར་འགོད་ལ་དོ་སྣང་ཆེན་པོ་བྱེད་པའི་ཁར།གཙོ་གནད་འགག་སྒྲོལ་གྱིས་སྤྱི་ཡོངས་ཀྱི་སྐུལ་སྤེལ་ལ་སྐུལ་ཁྲིད་བྱས་ཏེ།རྒྱལ་ཁབ་བདེ་འཇགས་ཐད་ཀྱི་བྱ་བ་སོ་སོ་དངོས་གནས་ལེགས་པར་བསྒྲུབས་ཐོག རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས།
26.འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང“ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་།ཉེན་ཁ་ཚབས་ཆེན་འགོག་ཐབས་བྱེད་པ།འགོག་ཤུགས་ཆེན་པོ་ཁྱད་བསད་བྱེད་པ་དང་། འགལ་བ་ཆེན་པོ་ཐག་གཅོད་པ་བཅས་བྱེད་དགོས་ན།ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་འཐབ་རྩོད་མང་པོ་བྱེད་དགོས”ཞེས་བསྟན་ཡོད།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱེད་པར་འཐབ་རྩོད་ཀྱི་སྙིང་སྟོབས་བརྟན་པོ་ལྡན་དགོས།རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་འཐབ་རྩོད་ཀྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ།འཐབ་རྩོད་ཀྱི་སྙིང་སྟོབས་ནམ་ཡང་ཉམས་པ་མེད་པ་བཅས་ཀྱི་སྒོ་ནས།“ཀྱག་ཀྱོག་གི་ལམ་ཕྲན་བསྙམས་ནས་ལམ་ཆེན་དུ་བསྒྱུར་བ་དང་། དཀའ་ངལ་གདོང་གིས་བསུས་ཏེ་ཡང་བསྐྱར་ལམ་ལ་ཆས་པ”ཡི་སྙིང་སྟོབས་བརྟན་པོར་བརྟེན་ནས། ཉེན་ཁ་དང་འགྲན་སློང་ཆེན་པོ་རེ་རེར་ཁ་གཏད་ལེགས་པོ་འཇལ་ཏེ།བཅོས་བསྒྱུར་འཕེལ་རྒྱས་བརྟན་རླིང་ཡོང་བའི་བྱ་བ་སོ་སོ་དངོས་སྒྲུབ་ལེགས་སྒྲུབ་བྱེད་དགོས།
27.བདེ་འཇགས་གནད་དོན་གྱི་མཉམ་འགུལ་རང་བཞིན་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་སམ།
བདེ་འཇགས་ཐད་ཀྱི་གནད་དོན་མང་པོ་ཞིག་ནི་ཆབ་སྲིད་དང་དཔལ་འབྱོར།རིག་གནས།མི་རིགས།ཆོས་ལུགས་སོགས་ཀྱི་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད་ལ།སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འཇིགས་སྐུལ་དང་སྲོལ་རྒྱུན་གྱི་བདེ་འཇགས་འཇིགས་སྐུལ་ནི་ཕན་ཚུན་སྣོལ་མར་ཡོད་པ་ཞིག་ཡིན།བལྟས་ཚོད་ཀྱིས་བདེ་འཇགས་གནད་དོན་ཁོ་ན་ཙམ་ཡིན་པར་སྣང་ཡང་། དེར་དེ་འདྲའི་སླ་བདེའི་སྒོ་ནས་ཁ་གཏད་འཇལ་མི་རུང་སྟེ།དེ་ལྟར་བྱས་ཚེ་ནད་ཀྱི་ཡན་ལག་བཅོས་ནས་རྩ་བ་མ་བཅོས་པའི་དཔེ་རུ་འགྱུར་སྲིད།འཇིགས་སྐུལ་རིང་ལུགས་ནི་དཔེ་མཚོན་གྱི་དཔེ་གཞི་ཞིག་ཡིན་ཏེ།དེ་རིམ་བཞིན་རྒྱས་པ་ལས་དཔལ་འབྱོར་འཕེལ་རྒྱས་དང་ས་བབ་ཀྱི་ཆབ་སྲིད།ཆོས་ལུགས་རིག་གནས་སོགས་ཀྱི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ལ་ཤུགས་རྐྱེན་ཐེབས་པས།བྱེད་ཐབས་རིགས་ཤིག་ལ་བརྟེན་ནས་རྩ་བའི་གནད་དོན་ཐག་གཅོད་ཐབས་མེད་པ་ལྟ་བུ་རེད།
28.བདེ་འཇགས་གནད་དོན་གྱི་རྒྱལ་ཁོངས་བརྒལ་བའི་རང་བཞིན་ལ་ངོས་འཛིན་ཇི་ལྟར་བྱེད་དགོས།
བདེ་འཇགས་གནད་དོན་ནི་སྔ་མོ་ནས་རྒྱལ་ཁོངས་བརྒལ་ཡོད་པ་ཞིག་ཡིན་ཏེ།རྒྱལ་ཁབ་གང་ཞིག་གི་བདེ་འཇགས་ཐད་ཀྱི་མི་འདང་ས་དེས་ཕྱི་ཕྱོགས་ཀྱི་ཉེན་ཁ་ཆེན་པོ་ནང་དུ་ཐོན་ཏེ།བདེ་འཇགས་ཉེན་ཁའི་གཤོང་ས་ཆགས་པར་བྱས་པ་རེད།རྒྱལ་ཁབ་གང་ཞིག་ཡིན་རུང་དེའི་བདེ་འཇགས་གནད་དོན་དེ་ཚད་ངེས་ཅན་ཞིག་ལ་བསགས་རྗེས་ཕྱི་རུ་མཆེད་དེ་མངའ་ཁོངས་རང་བཞིན་དང་ཐ་ན་གོ་ལ་ཧྲིལ་པོའི་བདེ་འཇགས་གནད་དོན་དུ་འགྱུར་སྲིད། རྒྱལ་ཁབ་སོ་སོ་ནི་བདེ་འཇགས་དང་ཉེན་ཁ་མཉམ་དུ་གནས་པ་དང་ཕན་ཚུན་མཆུ་སོ་ལྟར་གཅིག་ལ་གཅིག་རྟེན་དུ་ཡོད་པས། རྒྱལ་ཁབ་གང་གིས་ཀྱང་བདེ་འཇགས་གནད་དོན་ལ་སྣང་མེད་ཟོལ་འཇོག་བྱས་ཏེ་སྡོད་མི་རུང་ལ།དེ་བཞིན་དུ་རྒྱལ་ཁབ་གང་གིས་ཀྱང་རང་གཅིག་པུས་འགན་དུ་བླངས་ཏེ་གནམ་འོག་བདེ་ལ་འགོད་མི་ཐུབ།

