འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཅུ་གཅིག་པ་ཡིན། ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱེད་སྒོའི་བརྗོད་དོན་ནི“འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་བར་སྲུང་སྐྱེལ་བྱ”ཞེས་པ་དེ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་། ཚན་པ་ཁག་གིས་རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་ཀྱི་ནང་དོན་གཙོ་བར་དམིགས་ཏེ་སྒྲོག་འགྲེལ་རྣམ་པ་གསར་གཏོད་དང་བརྒྱུད་སྤེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།
བཅིངས་འགྲོལ་ཐང་ཆེན་དུ་གྲོང་ཨུད་རྒྱལ་ཁབ་བདེ་འཇགས་གཞུང་དོན་ཁང་གིས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་བཅས་དྲིལ་བསྒྲགས་སློབ་གསོའི་མཐུན་སྦྱོར་སྒྲིག་གཞི་ཁོངས་མིའི་ཚན་པ30མཉམ་འབྲེལ་བྱས་ཏེ་འགན་ནུས་འགན་སྒྲུབ་དང་ཟུང་འབྲེལ་གྱིས“འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ལམ་གསར་བར་སྲུང་སྐྱེལ་བྱ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་ཕར་འགྲོ་ཚུར་འོང་གི་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་ཆབས་ཅིག་ཏུ་གོ་སླ་ཞིང་ཉན་སྤྲོ་བའི་སྐད་ཆའི་ཐོག་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》དང་། 《གསང་མྱུལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་རྒྱལ་ཁབ་བདེ་འཇགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་འགྲེལ་བཤད་བསྐྱོན་ཏེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བྱས་ཡོད།
ཁ་རུབ་ཆུས་ཀྱི་ལས་ཁུངས་དང་ཚན་པ30ལྷག་གིས་ཇ་རྟ་ཐང་ཆེན་དུ་དུས་གཅིག་ཏུ་རྒྱལ་ཁབ་བདེ་འཇགས་སློབ་གསོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། རྣམ་པ་མང་ཞིང་བྱ་ཐབས་སྣ་མང་སྤྱད་དེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མི་སེམས་སུ་ཟུག་པར་སྐུལ་སྤེལ་བཏང་ནས་ཆབ་མདོ་འདི་ཉིད“ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་མངོན་འགྱུར་ཡོང་བར་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་པ་རེད།
མཛོ་སྒང་རྫོང་ཤང(གྲོང་རྡལ)དང་། གྲོང་ཚོ(སྡེ་ཁུལ)ཁག་གི་སྒྲོག་འགྲེལ་པས་གྲོང་བསྐྱོད་དུད་འཛུལ་གྱིས་སྒྲོག་འགྲེལ་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི1ལྷག་སྤྲད་དེ་མང་ཚོགས6000ཡས་མས་ལ་ཞབས་ཞུ་བྱས་ཡོད། དེའི་ཁྲོད་ཀྲུང་གླིང་ཁ་དང་། ཤར་གླིང་ཁ། རབ་ཅན་ཤང་བཅས་ཀྱི་སྐྱེ་དངོས་སྐྱེ་ཁམས་བདེ་འཇགས་ལ་དམིགས་ཏེ《སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》དང《རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཁྲིམས་སྐྱོང་འདུ་ཤེས་ཆེ་རུ་ཕྱིན་ཡོད་པ་རེད། དགོན་སྡེ་ཁག་གིས་རྒྱལ་ཁབ་བདེ་འཇགས་དང“འདུ་ཤེས་བཞིའི”སློབ་གསོ་ཕན་ཚུན་ཟུང་འབྲེལ་བྱས་ཏེ། གྲྭ་བཙུན་གྱིས་རང་རྟོགས་ངང་ཆོས་ལུགས་འཆམ་མཐུན་དང་རྫོང་ཁོངས་བདེ་འཇགས་རྣམ་པ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱུང་ཡོད།
བྲག་གཡབ་རྫོང་དང་། རི་བོ་ཆེ་རྫོང་། ལྷོ་རོང་རྫོང་། དཔལ་འབར་རྫོང་། སྟེང་ཆེན་རྫོང་། མཛོ་སྒང་རྫོང་སོགས་ཀྱིས་དོན་དངོས་དང་འབྲེལ་ཏེ། ས་གནས་དེ་གའི་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་དང་། ལོག་ཆོས་ལ་ངོ་རྒོལ་དང་ཁ་བསླུས་ལ་ངོ་རྒོལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་ཐུན་མོང་གིས་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱས་པ་དང་དམངས་ཡོངས་ཀྱིས་བདེ་འཇགས་ཀྱི་འགོག་རགས་བསྐྲུན་ཡོད་པ་རེད།

