སེམས་པ་དམངས་ལ་གཏད། ལས་དོན་དོན་འཁྱོལ་བྱེད། བསྟུད་མར་ཉིན་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཚན་པ་ཁག་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཞིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་དོན་གཉེར་གཙོ་བོར་འཛིན་པ་དང་དམངས་ཆེད་དངོས་སྒྲུབ་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་འཆང་ནས་ཏན་ཏན་ཏིག་ཏིག་གི་ལས་ཀའི་ཕན་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་བཞིན་ཡོད།
“སྲིད་དོན་ལས་རྗེས་སུའི་ཆེད་དུ་འཛུགས་པ་དང་། སྲིད་དོན་ལས་རྗེས་ཇི་འདྲ་ཞིག་འཛུགས་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ”བཅས་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་བའི་རྩ་བའི་དྲི་བ་ཞིག་རེད། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྟེ་བའི་གནད་དོན་དེ་ལ་དམིགས་ཏེ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དགོངས་དོན་ཉིང་བཅུད་ལ་སློབ་སྦྱོང་བགྲོ་གླེང་དང་ནན་ཏན་གྱིས་གོ་བ་བླངས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཁྲིམས་འཛིན་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།
ཡིག་སྐུར་ངོ་གཏུག་ལས་དོན་ནི་སྒོ་ཁར་བསྐྱལ་ཡོང་བའི་མང་ཚོགས་ཀྱི་ལས་དོན་ཞིག་ཡིན་ལ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལག་ལེན་བསྟར་བའི་སྒེའུ་ཁུང་གཙོ་བོ་ལྟ་བུ་ཞིག་དེ་བས་ཡིན། ཆབ་མདོ་གྲོང་ཁྱེར་ཡིག་སྐུར་ངོ་གཏུག་སྣེ་ལེན་ཚོམས་ཆེན་དུ་བསྐྱོད་ན་ལས་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་སེམས་ཞིབ་མོས་མང་ཚོགས་ཀྱི་འབོད་སྒྲ་ཉན་ཞིང་། མང་ཚོགས་ཀྱི་རེ་འདོད་ཟིན་བྲིས་སུ་བཏབ་ནས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་ཞུ་སེལ་བ་དང་དངོས་ཡོད་བྱ་སྤྱོད་ཀྱིས་ཏང་དང་མང་ཚོགས་བར་སེམས་མཐུན་གྱི་ཟམ་པ་བཙུགས་ཡོད། ད་ལོའི་ཚུན་དུ་གྲོང་ཁྱེར་ཡོངས་སུ་མང་ཚོགས་ཀྱི་རེ་ཞུ280ཐོ་འགོད་བྱས་ཅིང་དོན་དག104སྒྲུབ་ཟིན་ནས་འགལ་ཟླའི་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཆུང་ཙག་ནས་ཏན་ཏིག་སེལ་ཐུབ་པར་བྱས་ཡོད།
ཉེ་ཆར། ཁྲུང་ཆིན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་བརྟག་ཞིབ་ཚོགས་ཆུང་གིས་སྨར་ཁམས་རྫོང་གི་ཐོན་ལས་གླིང་ཁུལ་དང་། སྒར་ཐོག་གྲོང་ཚོ། འོད་ཟེར་དགོན་པ་དེ་བཞིན་ས་གནས་དེ་གའི་སློབ་གྲྭ་དང་། སྨན་ཁང་། ཆུ་མཛོད་སོགས་འཐབ་ས་དང་པོར་ཟབ་ཞུགས་བྱས་ཏེ་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་དང་། གཞི་རིམ་བཅོས་སྐྱོང་སྐུལ་འདེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་སྤེལ་བ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པ་དང་། རྣམ་གྲངས་འཁོར་སྐྱོད་དང་བདེ་འཇགས་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་དོན་གཙོ་བོར་ལྟ་སྐུལ་མཛུབ་ཁྲིད། བོད་སྐྱོར་དགེ་རྒན་དང་གཞི་རིམ་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་ཡང་བྱས་ཡོད།

