འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།བསྟུད་མར་ཉིན་འགའི་རིང་། རྫ་ཆུའི་ངོགས་ཀྱི་གྲོང་ཚོ་མང་པོར་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་མཛད་སྒོ་གཅིག་རྗེས་གཉིས་མཐུད་དུ་འཚོགས་ཤིང་། ཁ་རུབ་ཆུས་ནས་འཇོ་མདའ་རྫོང་བར་དང་། རི་བོ་ཆེ་རྫོང་ནས་སྟེང་ཆེན་རྫོང་བར་དུ་ལྗིད་ཏིག་ཏིག་གི་ཁེ་སྤོགས་དངུལ་སྨར་དང་གྱ་ནོམ་པའི་དངོས་ཟོག་ཡུལ་མིའི་ལག་ཏུ་སྤྲོད་བཞིན་ཡོད།
ཁ་རུབ་ཆུས་རུ་བཞི་ཤང་མདའ་རོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་ཞོགས་པ་སྔ་པོ་ནས་དགོད་སྒྲས་ཁེངས་ཡོད། གྲོ་ཞིབ་དང་འབྲས་སོགས་འཚོ་བའི་དངོས་ཟོག་མང་པོ་གྲལ་འགྲིག་པོས་བརྩིགས་ནས་བཞག་ཡོད་ཅིང་། གྲོང་ཚོ་ཡོངས་ལ་དུད་ཚང110ཡོད་པ་དང་མི་རེར་ཆ་སྙོམས་གྲོ་ཞིབ་རྒྱ་མ100དང་འབྲས་རྒྱ་མ150། བཟའ་སྣུམ་འགྱིག་དམ2བཅས་སྤྲད་པ་དང་། ད་རུང་དུད་ཚང102ཀྱི་ཡུལ་མིར་དུད་ཚང་རེར་སྒོར2500བགོ་འགྲེམས་བརྒྱབ་ཡོད། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཚན་ཞིག་ཡིན་པའི་ཆ་ནས། ངེད་གྲོང་ཚོས་མ་དངུལ་བརྩོན་ལེན་བྱས་ཏེ་བསྐྲུན་པའི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་ཐང་ཆེན་དང་ཐོན་ལས་ཐོག་ཁང་སོགས་གཙོ་གནད་རྣམ་གྲངས་དེ་དག་ད་ལྟ་ཡོང་འབབ་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་ལ། 2025ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཡོད”ཅེས་མདའ་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་ཉི་མས་ངོ་སྤྲོད་བྱས།
དེ་དང་ཆབས་ཅིག འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས“སྤོ་ལོའི་སྐུ་ཚེ་ཤིང་བརྐོས”དང་བོད་སྤོས་ཀྱི་ཐོན་ལས་གཉིས་སྒུལ་ཤུགས་སུ་བྱས་པས། 2025ལོར་ཐུན་མོང་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི400ཙམ་བྱུང་བ་དང་། མང་ཚོགས100ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བརྟན་པོ་ཐུབ་ཡོད། ཉེ་སྔོན། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཤིང་བརྐོས་བཟོ་གྲྭའི་ནང་དུ་ཝེ་འཕྲང་གྲོང་ཚོའི་དུད་ཚང་རེར་ཁེ་སྤོགས་སྒོར200དང་ཁྱད་ལྡན་བོད་སྤོས་ཀྱི་ལག་རྟགས་རེ་སྤྲད་པ་དང་། དཀའ་ངལ་ཡོད་པའི་དུད་ཚང30ལ་འབྲས་དང་། གྲོ་ཞིབ། བཟའ་སྣུམ་སོགས་འཚོ་བའི་དངོས་ཟོག་འཕར་མ་སྤྲད་ཡོད། ད་དུང་སྦྱངས་འབྲས་ཕུལ་བྱུང་གི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲད་ཡོད་ལ་བྱིས་པ་ཚོར་སིལ་རྫས་སྣ་ཚོགས་བྱིན་པས་དགའ་སྤྲོ་ཆེན་པོ་སྐྱེས་པ། གཞན་ཡང་པར་ཤིང་རྐོ་མཁན་ཚོར་ཡང་གླ་ཆ་དང་ཁེ་སྤོགས་སྤྲད་ཡོད་པ་སོགས་དངོས་གནས་ཀྱི་ཁེ་སྤོགས་རག་པ་ལས་གྲོང་མི་ཚོའི་དགའ་བའི་བཞིན་ལས་སྐྱིད་པའི་མཛུམ་མདངས་འཕྱུར་བཞིན་ཡོད། “ཐོན་ལས་ཀྱིས་སྐུལ་ཁྲིད་བྱས་ནས་དུད་ཚང་ཚང་མར་ཕན་པ་འདོགས་པའི”རེ་འདོད་བཟང་པོ་མངོན་འགྱུར་བྱུང་ཡོད།
རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་རྟ་ཕྱི་གྲོང་ཚོར་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་གྲོང་མིའི་སྣེ་ཁྲིད་དེ2012ལོར་བཙུགས་པའི་རྟ་རྡོ་ཉི་འོད་དཔལ་འབྱོར་མཉམ་ལས་ཁང་དེ་ཐོག་མའི་ནགས་ཤིང་འདེབས་འཛུགས་བྱེད་པ་ནས་རིམ་བཞིན་ཞིང་ལས་འཕྲུལ་ཆས་ཕྱིར་ཚོང་དང་རྩམ་པ་ལས་སྣོན་བྱེད་པ་སོགས་ཐོན་ལས་སྣ་མང་དུ་འཕེལ་རྒྱས་སྟོབས་ཆེར་སོང་ཡོད་ཅིང་། ད་ལྟ“རྒྱལ་ཁབ་རིམ་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་དཔེ་སྟོན་ཁང”དུ་གྱུར་ཡོད། ཁེ་སྤོགས་བགོ་འགྲེམས་རྒྱག་པའི་ཡུལ་དངོས་སུ་དུད་ཚང243གྱི་གྲོང་མིར་མཉམ་ལས་ཁང་གི་ལོ་འཁོར་གྱི་ཡོང་འབབ་སྒོར་ཁྲི43.98གནད་འཁེལ་འགྲེམ་གཏོང་བྱས་པ་རེད། གྲོང་མི་བཀྲ་ཤིས་ཀྱིས་བླངས་མ་ཐག་པའི་ཁོ་སྤོགས་དངུལ་སྨར་ལག་ཏུ་བསྡམས་ནས“དངོས་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། མཉམ་ལས་ཁང་དུ་བྱ་བ་གཉེར་ན་འཚོ་བ་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་འགྲོ་ངེས་ཡིན”ཞེས་སེམས་འགུལ་ཐེབས་ནས་བཤད།
སྟེང་ཆེན་རྫོང་ཞེ་གཞུང་ཤང་གིས་ཡུལ་བབ་དང་བསྟུན་ནས“སྲིད་གཞུང་གིས་གསོ་སྐྱོང་ལས་སྟེགས་མཁོ་འདོན+བོད་སྐྱོར་སྔོན་ཐོན་གྱིས་འདུ་ཤེས་གོང་སྤེལ+ཏང་ཀྲི་པུའུ་ཡིས་སྣེ་ཁྲིད”ཀྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ཏེ། “ས་ཞིང་ལ་བོགས་དངུལ་ཡོད་པ་དང་། ཞོར་ལས་མཁན་ལ་གླ་ཕོགས་ཡོད་པ། ལོ་མཇུག་ཏུ་ཁེ་སྤོགས་བགོ་འགྲེམས་རྒྱག་པ། གྲོང་ཚོའི་ཐུན་མོང་ལ་ཡོང་འབབ་ཡོད་པའི”འབབ་འཕར་ཐབས་ལམ་གྲུབ་ཡོད། བགོ་འགྲེམས་རྒྱག་པའི་ཡུལ་དངོས་སུ་བསྡོམས་པས་ཁེ་སྤོགས་མ་དངུལ་སྒོར་ཁྲི171བགོ་འགྲེམས་བརྒྱབ་པ་དང་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ6ལ་ཕན་ཐོགས་ཡོད།
མི་སེམས་ལ་དགའ་བ་སྐྱེ་རུ་འཇུག་པའི་གྲུབ་འབྲས་རེ་རེ་ནས་ཡུག་འབྲེལ་གྱི་ལོ་ལེགས་བྱུང་བའི་ལྗོངས་བྲིས་དབར་ཆབ་མདོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དེ་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོར་མེ་ཏོག་བཞད་ནས་འབྲས་བུ་སྨིན་ཡོད། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཆབ་མདོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུར་མཉམ་དུ་བསྐྱོད་དེ“གྲོང་ཚོ་མཛེས་ཤིང་མང་ཚོགས་ཕྱུག་པོར་གྱུར་པའི”ལེའུ་གསར་བ་ཞིག་རྩོམ་བཞིན་ཡོད།

