འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ4པའི་ཚེས3ཉིན། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི2026ལོའི་དཔྱིད་རྨོད་གྲ་སྒྲིག་གི་འགོ་ཚུགས་མཛད་སྒོ་དེ་རང་གྲུབ་ཤང་དུ་སྤེལ་ཏེ། བོད་ཤར་ས་མཐོའི་ཞིང་དུས་དམ་འཛིན་གྱིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པའི་ཡར་བརྩོན་གྱི་སྔོན་འགྲོའི་རོལ་དབྱངས་དཀྲོལ་ཡོད།
“ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག རྫོང་གིས་ང་ཚོར་སྤུས་ལེགས་ནས་སོན་སྤྲད་པ་དང་། ས་བོན་ས་གནས་དེ་གའི་གནམ་གཤིས་དང་ཧ་ཅང་འཚམ་པོ་ཡོད་པས་ཚང་མས་སོན་འདེབས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་ཡོད”ཅེས་བྲག་གཡབ་རྫོང་རང་གྲུབ་ཤང་རང་གྲུབ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲུའུ་རེན་ཚེ་རིང་རྣམ་རྒྱལ་གྱིས་དེ་ལྟར་བཤད།
ཐེངས་འདིའི་དཔྱིད་རྨོད་འགོ་ཚུགས་མཛད་སྒོ་འཚོགས་པ་དེས་བྲག་གཡབ་རྫོང་གི2026ལོའི་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད་པ་རེད། ད་ལོ་ཚུན་དུ། བྲག་གཡབ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ཞིང་ཞིང་དུས་དམ་འཛིན་དང་། མཁོ་སྤྲོད་འགན་ལེན། ཞབས་ཞུ་ཆེར་གཏོང་། སྤུས་ཚད་མཐོར་འདེགས་བཅས་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ཀྱི་དམག་འཐབ་དང་པོ་ཡག་པོ་བརྒྱབ་ནས་ཞིང་ལས་ཀྱི་ཐོན་ཚད་བརྟན་པོར་འཕར་བ་དང་ཞིང་པའི་ཡོང་འབབ་བརྟན་བརླིང་ངང་འཕར་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བསྐྲུན་ཡོད།
བྲག་གཡབ་རྫོང་ཞིང་འབྲོག་ཚན་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བས“མིག་སྔར་རྫོང་དེ་ཡོངས་སུ་ཞིང་སྤྱོད་རྒྱུ་ཆ་ཉོ་སྒྲུབ་དང་གཏོང་འདྲེན་ཚང་མ་དམིགས་སར་འབྱོར་བ་དང་། བསྡོམས་རྩིས་བྱས་ན། རྫས་ལུད་ཏུན690དང་། སྤུས་ལེགས་ནས་རྒྱ་མ་ཁྲི22.85སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་དངོས་ཟོག་གི་རྨང་གཞི་བརྟན་པོ་བཞག་ཡོད། རྫོང་དེ་ཡོངས་ཀྱིས་ས་ཞིང་མུའུ་ཁྲི5.1འདེབས་རྒྱུའི་འཆར་གཞི་ཡོད་ལ་ད་ཆ་བརྒྱ་ཆའི25བཏབ་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ4པའི་ཟླ་མཇུག་ཏུ་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ཕྱོགས་ཡོངས་ནས་ཚར་བ་བྱ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་རེད།

