国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年04月03日

ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3ཚེས30ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་ལ་དགོངས་པ་གཏིང་ཟབ་པས་ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་སྤུས་དག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་སྤྱིའི་བསྲུང་བྱ་དང་སྤྱིའི་ལམ་སྟོན་དུ་འཛིན་ཆོག་པས། རིམ་པ་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་ལ་དམ་པོར་དམིགས་པ། ཡུལ་བབ་དང་བསྟུན་ནས་ངོ་བོ་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། “3+1+1”ལས་དོན་ལྔ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་ལ་སྟོབས་ཤུགས་འཕེལ་བའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བསྐྱེད་པ་དང་ལག་ལེན་སྐོར་གྱི་སློབ་སྦྱོང་སློབ་གསོའི་གནས་ཚུལ་གྱི་སྙན་ཞུར་གསན་པ་རེད། ཚོགས་འདུའི་ཐོག་གཅིག་སྡུད་སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྲིག་བཅས་ལ་སྐུལ་འདེད་ཡག་པོ་གཏོང་བ་དང་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱེད་པ། ཏང་གཤིས་ཐོག་ནས་ཧེ་བག་འཚོལ་བ། འབྱུང་རྩ་འཚོལ་བ། བློ་སྦྱོང་ཤུགས་ཆེ་རུ་སྐྱེད་པ་བཅས་བྱེད་དགོས་ལ། དག་ཐེར་བཅོས་སྒྲིག་བྱ་རྒྱུ་དེ་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་དང་སྐྱེ་ཁམས་ཁོར་སྲུང་གི་ལྟ་ཞིབ་དག་ཐེར་སོགས་དང་ཟུང་འབྲེལ་གྱིས་གནད་དོན་རྩིས་བཤེར་བྱས་ནས་ཤེས་མ་ཐག་ལམ་སང་བཅོས་སྒྲིག་བྱེད་དགོས། སྒོ་དབྱེ་སློབ་གསོར་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་དག་ཐེར་བཅོས་སྒྲིག་གི་ལྟ་སྐུལ་ལ་དང་ལེན་ཞུ་བ་དང་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ། སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་དེ“ལས་འགན་ཆེ་གྲས་དགུ”ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ནས། ཆབ་མདོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་དགོས་ཅེས་ནན་བཤད་གནང་ཡོད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།