国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月27日

ཀྲོང་ཅིན་སུང་གིས་ཀྲུང་གོ་ལྕགས་ལམ་ཅུས་གསུམ་པ་ཚོགས་པ་ཚད་ཡོད་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲང་མིན་ཧྲོན་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས23ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཀྲུང་གོ་ལྕགས་ལམ་ཅུས་གསུམ་པ་ཚོགས་པ་ཚད་ཡོད་ཀུང་ཟིའི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཀྲང་མིན་ཧྲོན་དང་བཞུགས་མོལ་གནང་བ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཚབ་ཞུས་ཏེ་ཀྲང་མིན་ཧྲོན་དང་བཅས་པར་ཆབ་མདོར་ཕེབས་པར་དགའ་བསུ་ཞུས་ཤིང་། ཀྲུང་གོ་ལྕགས་ལམ་ཅུས་གསུམ་པས་དུས་ཡུན་རིང་པོའི་ནང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་མིག་སྔར་ཆབ་མདོས“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་བཟོས་ཏེ་བློ་བརྟན་འགྱུར་མེད་ཀྱིས“ལས་འགན་འདེགས་སྐྱོར་ཆེ་མོ་དགུ”དང“3+1+1”ལས་དོན་ཁག་ལྔར་སྐུལ་འདེད་གཏོང་བཞིན་ཡོད།

ཀྲུང་གོ་ལྕགས་ལམ་ཅུས་གསུམ་པ་ནི་རྒྱལ་ནང་གི་རྨང་གཞིའི་སྒྲིག་བཀོད་གསར་པའི་ཁྱབ་ཁོངས་ཀྱི་སྣེ་ཁྲིད་སྟོབས་ཤུགས་ལྟ་བུ་ཡིན་ལ། ཁ་རུབ་ལ་ག་སྦྱར་རོགས་སྐྱོར་བྱས་ནས་ཆབ་མདོ་དང་མཉམ་ལས་ཀྱི་རྨང་གཞི་གཏིང་ཟབ་ཅིང་མདུན་ལམ་ཆེན་པོ་ཡོད། ཀྲུང་གོ་ལྕགས་ལམ་ཅུས་གསུམ་པས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཧུར་ཐག་གིས་ཆབ་མདོའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་མཁར་གྲོང་གསར་སྒྱུར་སོགས་ཀྱི་འཛུགས་སྐྲུན་ནང་ཞུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མ་ཐིག་ནན་པོ་སྲུང་བ། ལས་གྲྭའི་སྤུས་ཚད་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་རེ་རེ་རྩེ་གྲའི་ལས་གྲྭ་དང་བདེ་འཇགས་ལས་གྲྭ་ཞིག་ཏུ་གཏོད་དེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པར་བྱ་རྒྱུའི་རེ་བ་ཡོད། ཆབ་མདོས་རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞབས་ཞུ་ཡག་པོ་སྒྲུབ་ནས་ཁེ་ལས་ཀྱིས་ཆབ་མདོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཀྲང་མིན་ཧྲོན་གྱིས་ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀུང་ཟིའི་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཁོང་གིས་ཀྲུང་གོ་ལྕགས་ལམ་ཅུས་གསུམ་པས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ཆབ་མདོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་དུ་འཛིན་པ། ཆབ་མདོར་མ་འཇོག་བཀོད་པ་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་། ཚན་རྩལ་ཞིབ་འཇུག་དང་འཕེལ་རྒྱས། དམངས་ཕན་ཞིང་སྐྱོར་སོགས་ཀྱི་དངོས་ཡོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད།