(ཚགས་པར་གོང་མར་མཐུད)
(དྲུག) མི་སེམས་གཅིག་སྒྲིལ་བྱ་རྒྱུར་གཞི་ཚུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཏན་ཏིག་ངང་ཆེ་རུ་གཏོང་རྒྱུ།
ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ། གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་ནས། ལས་ཞུགས་ཐུབ་མེད་པ་དང་ལས་ཞུགས་བརྟན་པོ་མ་བྱུང་བའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐུབ་ཚད་95%ཡན་དང་ཁྲོམ་རའི་ལས་ཞུགས་ཐུབ་ཚད་70%ཡན་ཟིན་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མི་ཁྲི་5འཕར་བ་བྱ་རྒྱུ་བཅས་དང་། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་ཐེངས་ཁྲི་4ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་རྩལ་ནུས་ཤེས་ལྡན་པ་ཁྲི་2མང་དུ་གཏོང་རྒྱུ། བྱ་ཐབས་མང་པོའི་སྒོ་ནས་སྟབས་བསྟུན་ལས་ཞུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམག་ཞབས་ཐིམ་པ་དང་དབང་སྐྱོན་མི་སྣ་སོགས་གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་ལས་ཀྱིས་བསྡུ་ལེན་དང་། རྣམ་གྲངས་ཀྱིས་སྐུལ་ཁྲིད། ཁུལ་ཁོངས་ལས་བརྒལ་བའི་ལས་ཞུགས་རྣམ་པ་བཅས་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་པ་ཁྲི་64ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་70ཡན་ཟིན་པ་བྱ་རྒྱུ་བཅས་ཡིན།
སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བར་ཤུགས་རྒྱག་རྒྱུ། སློབ་སྔོན་སློབ་གསོ་སྤུས་ལེགས་ཀུན་ཕན་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། ཞིང་འབྲོག་ཁུལ་གྱི་རིན་མེད་སློབ་སྔོན་སློབ་གསོའི་སློབ་མའི་མི་རེའི་ཚད་གཞི་སྒོར་380ནས་1000བར་མཐོ་རུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་ལོ་2ནས་3བར་གྱི་བྱིས་པ་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་གོང་འཕེལ་འགྲོ་མགྱོགས་སུ་བཏང་ནས། སློབ་གྲྭ་འབྲིང་ཆུང་51གི་སློབ་ཁྲིད་ལ་སྤྱོད་པའི་ཁང་པ་དང་ཞོར་གཏོགས་སྒྲིག་བཀོད་གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་། བོད་ལྗོངས་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུའུ)སློབ་གྲྭར་སློབ་མ་བསྡུ་རྒྱུ་དང་ཁྲུང་ཆིང་ཆབ་མདོ་ཆ་ཚང་སློབ་འབྲིང་སྐྲུན་འགོ་ཚུགས་པར་སྐུལ་འདེད་གཏོང་རྒྱུ། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གང་མགྱོགས་བྱས་ནས་མཐོ་རིམ་སློབ་གྲྭའི་སྤུས་ལེགས་དངོས་གཞི་སློབ་གསོའི་སློབ་མ་བསྡུ་ཚད་རྒྱ་སྐྱེད་བྱེད་པར་སྐུལ་འདེད་གཏོང་རྒྱུ། ལས་རིགས་སློབ་གྲྭའི་སློབ་གཉེར་གྱི་ནུས་པ་མཐོ་རུ་བཏང་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱ་རྒྱུ། འཕྲོད་བསྟེན་བདེ་ཐང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་སྤེལ་ཏེ། རྒྱལ་ཁབ་ཀྱི“ལྟེ་གནས་གཉིས”འཛུགས་སྐྲུན་གང་མགྱོགས་བྱས་ནས་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་གཏོང་ལས་གཞི་ལག་བསྟར་བྱ་རྒྱུ། གྲོང་མིའི་བཟའ་བཅའི་འཚོ་བཅུད་བདེ་ཐང་སྲུང་སྐྱོང་དང་ལེགས་སྒྱུར་གྱི་ཆེད་དོན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། བཟོ་ཚོགས་ཀྱི་ས་ཚུགས་150དང་“ཁ་ལོ་བའི་ཁྱིམ”37བསྐྲུན་རྒྱུ། ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཡག་པོ་གཉེར་རྒྱུ། མང་ཚོགས་ཉེ་འགྲམ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ། ཚན་རིག་ཁྱབ་གདལ་ལས་དོན་ཡག་པོ་བསྒྲུབས་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་རྒྱུ་བཅས་ཡིན།
དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བར་ཤུགས་རྒྱག་རྒྱུ། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་136བཀོད་སྒྲིག་བྱས་ཏེ་དམངས་འཚོའི་བྱ་བ་དངོས་34ལེགས་སྒྲུབ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡན་བརྟན་འཁྱོངས་ཐུབ་པ་བྱ་རྒྱུ། “རྒན་གཅིག་གཞོན་གཅིག”དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་གྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་ནས་ཡུན་རིང་བདག་སྐྱོང་བྱེད་པའི་འགན་བཅོལ་ལམ་ལུགས་བཙུགས་ཏེ། གྲོང་གསེབ་ཀྱི་བདེ་སྐྱིད་གླིང་30གསར་སྐྲུན་བྱ་རྒྱུ་དང་། བུ་བཙའི་འགན་བཅོལ་གྱི་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྱུར་བྱས་ནས་བུ་གསོའི་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱ་རྒྱུ། རྫོང་རིམ་པའི་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་72འཁོར་སྐྱོད་ཐུབ་པ་བྱས་ནས། ཕྲུ་གུ་དབང་སྐྱོན་ལ་ནད་གསོ་རོགས་སྐྱོབ་བྱེད་པའི་ཚད་གཞི་དང་ལོ་ཚད་མཐོ་རུ་གཏོང་རྒྱུ། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ལས་བཟོའི་འགན་བཅོལ་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། ཡོང་འབབ་དམའ་བའི་མི་འབོར་ལ་འགྱུར་ལྡན་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་རིགས་དབྱེ་རོགས་སྐྱོབ་རོགས་སྐྱོར་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སུ་བཏང་སྟེ། སྤྱི་ཚོགས་ཀྱི་རོགས་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་བཅས་ཡིན།
(བདུན) འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུར་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ།
སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། སྲ་གཟུགས་སྙིགས་རོས་ཁོར་ཡུག་སྦགས་བཙོག་བཟོ་བར་འགོག་བཅོས་བྱེད་པའི་སྲོལ་ཡིག་དངོས་སུ་འདོན་རྒྱུར་སྐུལ་འདེད་བཏང་ནས་སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་སྤྱོད་སྤེལ་ཏེ། བཟོ་སྐྲུན་གད་སྙིགས་ཐོན་རིམ་ཧྲིལ་པོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ“མཛེས་སྡུག་ལྡན་པའི་ཕྲ་ཕུང”ལས་གཞི་ལག་བསྟར་བྱ་རྒྱུ་དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གཏིང་ཟབ་བྱ་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་ཨར་འདམ་ལས་རིགས་ཀྱི་སྦགས་བཙོག་དངོས་པོ་འབུད་གཏོང་ཆེས་ཉུང་བའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ། ཁོར་ཡུག་གི་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་ཁག་གཅིག་བསྐྲུན་ནས་སྦགས་བཙོག་དངོས་པོ་གསར་པ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།
སྐྱེ་ཁམས་ཀྱི་ཉམས་གསོ་དང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། གཙང་པོ་དང་མཚེའུ་ཡི་འགོ་དཔོན་ལམ་ལུགས་དང་ནགས་ཚལ་གྱི་འགོ་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་སོགས་འགག་རྩའི་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ནས། ནགས་བཟོ་ནགས་སྐྱོང་མུའུ་ཁྲི་40ཡན་དང་དེའི་ནང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་མུའུ་ཁྲི་20ལེགས་སྒྲུབ་བྱ་རྒྱུ་དང་། རྩྭ་ཐང་ཞན་འགྱུར་མུའུ་ཁྲི་220སླར་གསོ་བཅོས་སྐྱོང་བྱ་རྒྱུ། ས་ཆུ་ཤོར་བ་མུའུ་ཁྲི་25བཅོས་སྒྲིག་བྱ་རྒྱུ་བཅས་ཡིན། རྒྱལ་ཁབ་ཀྱི་སྤྱི་གླིང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཉིང་ཁྲིའི་རྒྱལ་ཁབ་རྩི་ཤིང་གླིང་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་ཤུག་པའི་རང་བྱུང་སྲུང་སྐྱོབ་ས་ཚིགས་གཏོད་རྒྱུ། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱ་རྒྱུ། རྩྭ་ཐང་གི་རྩྭ་ཁ་བཀག་པ་དང་རྩྭ་ཕྱུགས་དོ་སྙོམས་ཁུལ་མུའུ་དུང་ཕྱུར་10བཟོ་རྒྱུ་བཅས་ཡིན།
འབྱུང་འཕྲོད་ཐཱན་ཉུང་གི་གོང་འཕེལ་མྱུར་པོ་ཡོང་བ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་ཁུལ་ཁོངས་ཁག་བགོས་དོ་དམ་ཚོད་འཛིན་གྱི་ལོ་ལྔའི་འགྱུར་ལྡན་ཚོད་སྐོར་བྱ་རྒྱུ། ལྷ་སའི“ཐཱན་མེད་གླིང་ཁུལ”གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ། རྩྭ་སའི་ཐཱན་འདུས་བྱེད་ནུས་ཚོད་སྐོར་དང་སྲ་ཐཱན་སྣོན་འདུའི་དཔེ་རྣམ་ཞིབ་འཇུག་བྱས་ནས་ནགས་རྩྭ་ཐཱན་འདུས་ཀྱི་རྣམ་གྲངས་ཉོ་ཚོང་བྱ་རྒྱུ། འབྱུང་འཕྲོད་ཀྱི་བཟོ་སྐྲུན་མ་ལག་གང་མགྱོགས་བཙུགས་ནས། སྲ་སྙིགས་ཐོན་ཁུངས་བེད་སྤྱོད་གཏོང་བ་སོགས་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན།
(བརྒྱད) མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུར་གཞི་ཚུགས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།
མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་དང་། རིག་ལྡན་མཐའ་སྲུང་འཛུགས་སྐྲུན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ཀྱི་རིམ་པ་དམའ་བའི་གཞུང་ལམ་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ། མཐའ་མཚམས་ས་ཁུལ་གྱི་གློག་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། “དྲ་ཆེན་མཐའ་མཚམས”འཛུགས་སྐྱོང་གཏིང་ཟབ་བྱ་རྒྱུ་བཅས་ཡིན།
མཐའ་མཚམས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། མཐའ་མཚམས་ཀྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་གྲོང་ཚོའི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་བརྟན་པོའི་ངང་ཤར་གཏོང་ཐུབ་པ་བྱ་རྒྱུ། ཡུལ་བབ་དང་བསྟུན་ནས་མཐའ་མཚམས་ཀྱི་ཐོན་ལས་གོང་འཕེལ་གཏོང་བ་དང་རྒྱལ་གཅེས་མཐའ་སྲུང་ཡུལ་སྐོར་སོགས་ཁྱད་ལྡན་སྤུས་ལེགས་ཡུལ་སྐོར་ལམ་ཐིག་འཆར་འགོད་དང་གསར་སྤེལ་བྱ་རྒྱུ། མཐའ་མཚམས་གྲོང་མིའི་ཉོ་ཚོང་བྱེད་ས་ཚད་ལྡན་འཛུགས་རྒྱུ། དངུལ་རྩས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་བཅས་ཡིན།
འཐུས་མི་རྣམ་པ། མང་ཚོགས་ཚོགས་པའི་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་དང་། ལས་བཟོ་པ་དང་། བུད་མེད། བྱིས་པ། གཞོན་ནུ་ལོ་ཆུང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱ་རྒྱུ། དམག་ཞབས་ཐིམ་པའི་དམག་མིར་ཞབས་ཞུ་བྱེད་པའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྲུན་མུ་མཐུད་ཡག་པོ་བྱས་ཏེ། དུས་རབས་གསར་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་གྲ་རྒྱས་སུ་གཏོང་རྒྱུ། ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣ་སོགས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྔར་བས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུ་བཅས་ཡིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་རྩོམ་པའི་འགན་འཁྲི་ནི་གཟི་བརྗིད་ལྡན་ལ་ལས་འགན་ནི་གལ་འགངས་ཆེན་པོ་ཡིན་པས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། དོན་ཐོག་ཏུ་གཉེར་མཁན་བཅས་ཡག་པོ་ཞིག་བྱེད་དགོས། གཅིག་ནི་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་དང་ཁྲིམས་ཁང་། སྲིད་གཞུང་དང་ཞིབ་དཔྱོད་ཁང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་བ་དང་། ཁྲིམས་འཛིན་དང་། རྩིས་བཤེར། བསྡོམས་རྩིས་བཅས་ཀྱིས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རང་འགུལ་ངང་སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། དམངས་གཙོའི་ཐབས་ཇུས། ཁྲིམས་ལྟར་ཐབས་ཇུས་འདིང་རྒྱུ་མཐའ་འཁྱོངས་བྱས་ནས། དབང་ཆ་དེ་ལྟ་སྐུལ་དང་ཡོངས་བསྒྲགས་འོག་སྤྱོད་དགོས། གཉིས་ནི་ལས་ཀ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཀའི་སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོ་འཛུགས་པ་དང་ལག་ལེན་ཡག་པོ་བསྟར་ནས། དོན་དངོས་ནས་འགོ་ཚུགས་པ་དང་ཆོས་ཉིད་ལྟར་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་དང་ལག་ལེན་དངོས་ནས་སྲིད་དོན་ལས་རྗེས་ཐོན་པ་བྱ་རྒྱུ། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཐོག“འཕྲལ་སྒྲུབ་དོན་གཉེར”གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་ལོ་རྒྱུས་དང་། ལག་ལེན། མི་དམངས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་གྲུབ་འབྲས་དངོས་གང་ཐུབ་གཏོད་དགོས། གསུམ་ནི་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞབས་ཞུའི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་གཞི་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་དོན་ཆུང་དེ་དོན་ཆེན་དུ་བརྩི་བ་དང་མི་དམངས་ཀྱི་དཀའ་ངལ་དེ་གནད་འགག་ཏུ་བརྩིས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་རྒྱུའི་དམ་འཛིན་བྱས་ཐོག བློ་རིག་གི་ནུས་པར་བརྟེན་པ་དང་ཞབས་ཞུའི་ནུས་པ་ཆེ་བའི་སྲིད་དོན་ཁོར་ཡུག་མུ་མཐུད་བསྐྲུན་ཏེ། གྲངས་རིག་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། ཁྱབ་ཁོངས་དེ་བས་མང་བ་དང་དེ་བས་ཆེ་བའི་ངང“ལས་ཕྱོད་ཆེ་བའི་དོན་དག་གཅིག་སྒྲུབ་པར”སྐུལ་འདེད་བཏང་ཐོག སྲིད་གཞུང་ལས་དོན་གྱི་དྲོད་སྣང་དེ་མང་ཚོགས་ཀྱི་སེམས་སུ་ཐད་ཀར་ཚོར་ཐུབ་པ་བྱེད་དགོས། བཞི་ནི་དགོངས་གཞི་ནན་པོ་མཐའ་འཁྱོངས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་ཤུགས་ཆེ་རུ་བཏང་སྟེ། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་དང་། མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་བསྐྱལ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞི་རིམ“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོར་སྲུང་ཐོག་དངུལ་སྐར་མ་གཅིག་ཀྱང་འཕྲོ་བརླག་མི་གཏོང་བར་མཁོ་ཆེ་སར་སྤྱོད་དགོས།
འཐུས་མི་རྣམ་པ། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་། འབད་འབུངས་མདུན་སྐྱོད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ནས། མཛེས་ཤིང་ལྟ་ན་སྡུག་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གངས་ལྗོངས་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
(མུ་འགོད་རྫོགས་སོ)

