(ཚགས་པར་གོང་མར་མཐུད)
ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གལ་ཆེའི་རྣམ་གྲངས་འགན་གཙང་ལེན་བྱེད་པའི་ལམ་སྲོལ་ལེགས་སུ་བཏང་ནས་མ་འཇོག་སྒོར་དུང་ཕྱུར་2440ཡན་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། ཡར་སྨད་ཆུ་གློག་དང་ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ། བོད་དང་ཀོང་ཏུང་གི་ཐད་རྒྱུག་གློག་གཏོང་དང་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་བར་གློག་ཤུགས་ཅན་དུ་བསྒྱུར་བཅོས་བྱ་རྒྱུའི་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། སྤོ་བོ་ནས་ར་འོག་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། G109དང་། G219 G318 G695བཅས་ཀྱི་རྒྱལ་ལམ་སྤུས་ཚད་མཐོར་གཏོང་གི་བསྒྱུར་བཀོད་དང་G214ལྕགས་ཁ་ནས་སྤོམ་མདའི་གནམ་ཐང་དུམ་བུའི་འཛུགས་སྐྲུན་རིམ་ལྡན་བྱ་རྒྱུ། གདོང་དཀར་ཆུ་མཛོད་སྐྲུན་འགོ་འཛུགས་རྒྱུ་བཅས་ཡིན།
འཛད་སྤྱོད་ཀྱི་གཏིང་ཤུགས་རྒྱུན་མཐུད་འཕེལ་བ་བྱ་རྒྱུ། འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ནས་ཁྱིམ་སྤྱོད་གློག་ཆས་དང་། རླངས་འཁོར། སྡོད་ཁང་སོགས་འཛད་སྤྱོད་ཆེ་གྲས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟའ་བཏུང་ཞག་སྡོད་དང་ཁྱིམ་ལས་ཞབས་ཞུ། ཚ་གཡོལ་བྱེས་སྡོད་སོགས་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཕུད་འགྲེམ་དཔལ་འབྱོར་དང་། འཁྲབ་སྟོན་དཔལ་འབྱོར། འགྲན་བསྡུར་དཔལ་འབྱོར་བཅས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། མྱོང་ཚོར་ཟབ་མོ་རོལ་བ་དང་གྲོང་ཁྱེར་དུ་དལ་བགྲོད་སོགས་ཀྱི་ལས་རྣམ་གསར་པ་ཕུན་སུམ་ཚོགས་སུ་བཏང་ནས་སྐར་མ་བཅོ་ལྔའི་ནང་ཚུན་དུ་སླེབས་པའི་དམངས་བདེ་འཚོ་བའི་ཁུལ་དང་བྲིན་ཁ་རྒྱུག་པའི་འཛད་སྤྱོད་ཀྱི“གཱ་ཐོ་འགོད་ས”སྔར་བས་མང་དུ་གཏོང་རྒྱུ། གློག་ཚོང་ལས་སྟེགས་གཤམ་སྒྱུར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་མཛོད་ཁང་དེ་བས་མང་བ་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་མཚམས་གྲོལ་ནས་ཁྲལ་སློག་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྒྱལ་ཁོངས་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་བཅས་ཡིན།
གོང་འཕེལ་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ། ཁྲིམས་སྐྱོང་དཔལ་འབྱོར་དང་ཡིད་རྟོན་དཔལ་འབྱོར་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། “འཁྲུག་པོར་འགྱུར་བ་དང་དོ་དམ་ཡག་པོ་ཐུབ་པའི”དཔལ་འབྱོར་གྱི་སྒྲིག་ལམ་ཆགས་པ་བྱ་རྒྱུ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གྱི་བཅའ་ཁྲིམས་དོན་འཁྱོལ་བྱེད་པ་དང་དམངས་ཁྲོད་མ་འཇོག་གི་གཙོ་གནད་རྣམ་གྲངས་མཛོད་འཐུས་ཚང་དུ་གཏོང་རྒྱུ། ཁྲོམ་རར་ཞུགས་འཐུས་ལམ་ལུགས་གཅིག་གྱུར་ལག་བསྟར་བྱས་ཏེ་ཚོང་གཉེར་བྱེད་པོ་རིགས་ཁག་གིས་ཐོན་ཁུངས་ཀྱི་གཙོ་རྒྱུ་འདྲ་མཉམ་སྤྱོད་པ་དང་ཁྲོམ་རའི་འགྲན་རྩོད་ནང་དྲང་གཞག་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། གཙོ་གནད་རྣམ་གྲངས་མཉམ་དུ་ཞིབ་བཤེར་དང་མཆན་འགོད་བྱེད་པ་དང་། ཁས་ལེན་གསལ་བཤད་བྱེད་པ། ཆད་ཁ་རྗེས་གསབ་ཆོག་པ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས། ས་ཞིང་བཀོལ་སྤྱོད་དང་། ནུས་རྒྱུ་བེད་སྤྱོད། ཁོར་ཡུག་དཔྱད་དཔོག་སོགས་ཀྱི་གཙོ་རྒྱུ་འགན་ལེན་ཡག་པོ་བྱ་རྒྱུ། ཁེ་ལས་ཀྱི་ཆད་འགྱངས་རྩིས་དངུལ་གཙང་བཤེར་གང་མགྱོགས་བྱ་རྒྱུ། ཉེ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས། “གཉིས་འགུགས་གཉིས་འདྲེན”བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་220གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་ཡིན།
(གསུམ) ཐོན་ལས་བཟང་སྤེལ་ཞན་གསབ་བྱ་རྒྱུར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ།
ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་བརྟན་པོ་གཏོང་རྒྱུ། རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱས་ཏེ་ནས་འདེབས་ཁྱོན་མུའུ་ཁྲི་230ཡན་བརྟན་པོ་ཡོང་བ་བྱ་རྒྱུ། འབྲུ་རིགས་ཀྱི་ཐོན་ནུས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་བསྒྱུར་བཀོད་རིམ་སྤོར་བྱེད་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་ཐོག འབྲུ་རིགས་དང་། ཤ་སྒོང་འོ་གསུམ། སྔོ་ཚལ་བཅས་ཀྱི་ཐོན་ཚད་ཀྲོན་ཁྲི་བརྒྱ་ཡན་བརྟན་པོ་ཐོན་ཐུབ་པ་བྱ་རྒྱུ། དེང་རབས་ཞིང་ལས་ཐོན་ལས་གླིང་1དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཚོ་འདུས་1 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་4བཅས་འཛུགས་སྐྲུན་བྱ་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལས་སྟེགས་བསྐྲུན་ནས་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་གསར་པ་20སྐྱོང་སྤེལ་བྱ་རྒྱུ་བཅས་ཡིན།
ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཕྱོགས་ཡོངས་ནས་འབྲི་ཆུའི་སྟོད་རྒྱུད་དང་། བོད་ཤར་ལྷོའི་རྒྱུད། རྫ་ཆུའི་སྟོད་རྒྱུད་བཅས་ཀྱི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་གློག་འདོན་རྟེན་གཞི་བཙུགས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འཆར་འགོད་བཟོ་བ་དང་། གློག་ཤུགས་ཕྱིར་གཏོང་བགྲོད་ལམ་དང་གློག་དྲའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱས་ནས། གློག་འདོན་སྟོང་ཝ་ཁྲི་2000གི་འཕྲུལ་འཁོར་འཛུགས་རྒྱུ། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང“ནུས་རྒྱུ་གཙང་མ+”ཡི་ཐོན་ལས་སྐྱོང་སྤེལ་བྱ་རྒྱུ། འབྱུང་འཕྲོད་གློག་གིས་ཆིང་རླུང་དང་གསོ་རླུང་བཟོ་བའི་ཚོད་ལྟ་ཁུལ་ལ་སྐུལ་འདེད་བརྟན་པོ་བཏང་ནས་ཆིང་རླུང་གསོ་རླུང་ཐོན་ལས་གོང་འཕེལ་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་བཅས་ཡིན།
ཐོན་ཁུངས་ཀྱི་ལས་སྣོན་ལས་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ། རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་སྤེལ་རྒྱུ། “མི་བྱེད་པ་བཞི”ཡི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ལེགས་ཆ་ཆེ་བའི་གཏེར་ཁའི་ཐོན་ལས་ཀྱིས་འབྱུང་འཕྲོད་རྩད་ཞིབ་དང་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། འབྱུང་འཕྲོད་ཨར་ལས་རྒྱུ་ཆ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། གཙོ་གནད་རྣམ་གྲངས་ཀྱི་ཨར་འདམ་དང་དམངས་སྤྱོད་འབར་གས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱ་རྒྱུ། བོད་སྨན་སྨན་རྒྱུའི་ལས་སྣོན་གཞན་སྒྱུར་བྱེད་ཚད་མཐོ་རུ་བཏང་ནས། དཔྱད་བཅོས་དང་། བདེ་སྲུང་། ལུས་གསོ་བཅས་ཀྱི་ཐོན་རྫས་གསར་པ་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ། སྤོས་དང་བོད་རུམ་སོགས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་འཐུང་བྱ་དང་སྐྱེ་དངོས་ཕབ་བསྙལ་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་སྤུས་འབོར་གཉིས་ལྡན་གྱི་བོད་ཀྱི་གཏེར་ཆུ་ཡག་པོ་དང་། ཨ་རག་ཡག་པོ། ཇ་ཡག་པོ་བཅས་བཟོ་རྒྱུ་ཡིན།
རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ། ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བཅུ་གཉིས་དོན་འཁྱོལ་བྱ་རྒྱུ། ཡུལ་སྐོར་གྱི“བརྒྱུད་རིམ་ཧྲིལ་པོར་གསོ་རླུང་ཡོད་པའི”བྱ་སྤྱོད་ཚོད་ལྟ་བྱ་རྒྱུ། ཡུལ་སྐོར་རྫོང་གྲགས་ཅན་དང་སྤུས་དག་གི་སྐོར་ལམ་བཏོད་ནས“གངས་རིན་པོ་ཆེ-མ་ཕམ་གཡུ་མཚོ”སོགས་མཛེས་ལྗོངས་ཁུལ་རྩེ་གྲ་དང་རིག་གནས་ཡུལ་སྐོར་གྲངས་རིག་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་རིག་གནས་ཡུལ་སྐོར་གྱི་གསར་གཏོད་ཚོང་གཉེར་ལ་ཤུགས་སྣོན་བརྒྱབ་ཐོག ཡུལ་སྐོར་གྱི་འཛད་སྤྱོད་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ། འཁྲབ་སྟོན་དང་། རིག་གཏོད། མངོན་མིན་རིག་གནས་ཤུལ་བཞག་བཅས་མཛེས་ལྗོངས་ཁུལ་དུ་ཡོད་པ་བྱ་རྒྱུ་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་ཡོད་པ་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཡུལ་སྐོར་གྱི་ཚད་རིམ་གཉིས་སྤར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ལོ་རྒྱུས་དང་རིག་གནས་ཤུལ་བཞག་ལ་མ་ལག་རང་བཞིན་གྱི་སྲུང་སྐྱོབ་དང་། བེད་སྤྱོད། རྒྱུན་འཛིན་བྱས་ནས་སྤུས་ལྡན་རིག་གནས་ཐོན་རྫས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་བཅས་ཡིན།
དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་ལེགས་གཏོང་གི་བྱེད་སྒོ་ལག་བསྟར་བྱས་ཏེ། ཞབས་ཞུའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་། དངུལ་རྩ་དང་། ཚན་རྩལ། ཁྲིམས་ལུགས་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་དབར་མཉམ་འདྲེས་གཏིང་ཟབ་བྱས་ཏེ། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བ་དང་། སྣེ་ཁ་མང་བ། སྟབས་བདེ་བ་བཅས་ལ་གོང་འཕེལ་ཡག་པོ་གཏོང་རྒྱུ། རྩིས་ནུས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ཏེ། མི་བཟོས་རིག་ནུས་སོགས་གྲངས་རིག་ལག་རྩལ་མཉམ་འདྲེས་བཀོལ་སྤྱོད་བྱེད་མགྱོགས་སུ་བཏང་ནས། གཞི་ཁྱོན་ཡན་གྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་5གསར་སྣོན་བྱ་རྒྱུ། ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་མགྱོགས་མྱུར་གཏོད་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་ཁེ་ལས་ཁྲོམ་འགྲེམས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁྲོམ་འགྲེམས་ཁེ་ལས་1མང་དུ་གཏོང་རྒྱུ། ཡོངས་སྤྱོད་གནམ་ཐང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ས་མཐོའི་དམའ་དབྱིངས་དཔལ་འབྱོར་བཀོལ་སྤྱོད་ཀྱི་རྣམ་པ་རྒྱ་ཆེར་གཏོད་རྒྱུ། བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་བོད་དུ་ཕྱོགས་ཡོངས་ནས་སྤྱོད་པར་སྐུལ་འདེད་གཏོང་རྒྱུ། རྫོང་རིམ་པའི་སྦྲག་སྐྱེལ་ཟོག་འགྲེམས་ལྟེ་གནས་60དང་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་4000རིམ་སྤོར་སྒྱུར་བཀོད་བྱས་ནས། “བོད་ལ་བསྐུར་གླ་སྤྲོད་མི་དགོས་པའི”ཟོག་འགྲུལ་ཁྱབ་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་བཅས་ཡིན།
(བཞི) ཁུལ་ཁོངས་མཐུན་སྦྱོར་བྱ་རྒྱུར་གཞི་ཚུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ།
གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། རྫོང་དང་གྲོང་རྡལ་གལ་ཆེའི་གཞི་རྟེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྒྱུན་སྡོད་མི་འབོར་41%ལ་སླེབས་པར་བྱ་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ། གྲོང་དོན་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་162ལག་བསྟར་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་གྲོང་རྡལ་4སྲུང་སྐྱོབ་དང་རིམ་སྤོར་བྱ་རྒྱུ། སྤྱི་པའི་གསང་སྤྱོད་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “ཁང་པ་ཡག་པོ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྡེ་ལས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི་ཁྲི་1.27འཛུགས་སྐྲུན་བྱས་ནས་གསོག་ཉར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ས་ཁང་བདག་ཁོངས་ཀྱི་འཕེལ་རྣམ་གསར་པ་ཧུར་ཐག་གཏོད་རྒྱུ་བཅས་ཡིན།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་གཞི་རྩར་བཟུང་ནས། “ཁྲི་སྟོང་ལས་གཞི”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཐོག ས་མཐོའི་མཛེས་མཐུན་གཉིས་ལྡན་གྱི་གྲོང་གསེབ་200བསྐྲུན་རྒྱུ་དང་གྲོང་གསེབ་ཀྱི་དུད་ཚང་8006གི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ཡོམ་འགོག་བརྟན་སྐྱོར་བྱ་རྒྱུ། གྲོང་གསེབ་ཁུལ་དུ་རྨོ་ཞིང་གང་བྱུང་བདག་བཟུང་བྱས་ནས་ཁང་པ་སྐྲུན་པའི་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི“རིགས་ཁུངས་བཞིའི”གསར་གཏོད་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལག་རྩལ་གསར་གཏོད་ལས་གྲྭ་གང་མགྱོགས་སྤེལ་ནས་ཞིང་འབྲོག་ལས་ཚན་རྩལ་གཤམ་སྤེལ་གྱི་ལག་རྩལ་འགན་འཁྲི་གཙང་ལེན་གཏིང་ཟབ་བྱ་རྒྱུ། དིང་རིའི་ས་ཡོམ་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་སླར་གསོ་རིམ་སྤོར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་གྱིས“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དབུལ་འགྱུར་མི་ཡོང་བའི་མཐའ་ཚད་བརྟན་པོ་སྲུང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་གྱི་བྱ་ཐབས་བཟོ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ས་ཡུལ་དངོས་ཀྱི་ཚོགས་འདུ་འཚོགས་ཏེ། མི་ཀུན་ལ་ལས་ཀ་ཡོད་པ་དང་དུད་ཚང་རེ་རེར་ཡོང་འབབ་ཡོད་པ་ཧུར་ཐག་མངོན་འགྱུར་བྱ་རྒྱུ་བཅས་ཡིན།
གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྤྱི་འདོམས་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་གོང་འཕེལ་ལམ་སྲོལ་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཙོ་རྒྱུ་ཕྱོགས་གཉིས་རང་མོས་འཁོར་རྒྱུག་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱུན་སྡོད་བྱེད་ས་ནས་ཐེམ་ཐོ་ཐོ་འགོད་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་ཕན་སྒྱུར་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་རིམ་ལྡན་གྱི་སྒོ་ནས་ཚད་ལྡན་བཟོ་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་གསེབ་ཏུ་རྒྱ་སྐྱེད་བྱ་རྒྱུར་སྐུལ་འདེད་བཏང་ནས། གློག་དྲ་ཁྱབ་ཚད་ཞན་པའི་རྫོང་ཁོངས་ལ་བློས་འགེལ་ཆོག་པའི་མཐོར་གཏོང་ལས་གཞི་21མགྱོགས་མྱུར་ལག་བསྟར་བྱ་རྒྱུ། མཁོ་འཚོང་མཉམ་ལས་ཁང་གི་གཉེར་སྐྱོང་ཞབས་ཞུ་དྲ་རྒྱའི་སྤུས་ཚད་མཐོ་རུ་གང་མགྱོགས་གཏོང་རྒྱུ་བཅས་ཡིན།
(ལྔ) ལེགས་ཆ་ཆེ་བའི་གསབ་སྣོན་དང་ནུས་པ་གསོག་འཇོག་བྱ་རྒྱུར་གཞི་ཚུགས་ཏེ་བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཀྱིས་སྒོ་དབྱེ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོད་རྒྱུ།
བསྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་བྱ་སྤྱོད་ལ་འཆར་འགོད་ལག་བསྟར་བྱ་རྒྱུ། སྲིད་གཞུང་དང་ཁེ་ལས་དབར་གྱི་རྒྱུན་ལྡན་མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཞི་གྲངས་མེད་པའི་སྔོན་རྩིས་དང་གཞི་རིམ་གྱི་ནོར་སྲིད་ནུས་པ་མཐོར་གཏོང་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། དཔལ་འབྱོར་གསར་སྤེལ་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱབ་སྐྱོར་བྱས་ནས་ཐོན་ལས་སྡེ་གླིང་རིགས་འདྲ་མིན་གྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། འོས་སྐུལ་འོས་དཔོད་དང་སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ལ་རྒྱུན་ཆད་མེད་པར་བསྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ། “དཔང་འཕྲི་དམངས་ཕན”གྱི་བྱ་སྤྱོད་ཁྱབ་གདལ་གཏོང་རྒྱུ། གཞི་རིམ་གྱིས་རེའུ་མིག་སྐོང་པ་དང་གྲངས་གཞི་འབུལ་བའི་ལས་ཀ་དེ“རེའུ་མིག་གཅིག་འཐུས”ཀྱི་ཐོག་ནས་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་རྒྱུ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་གོང་འཕེལ་དང་བཅོས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན།
ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱ་ཆེར་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་རྒྱུར་ཤུགས་བརྒྱབ་ནས། སྐམ་ཐོག་གྲུ་ཁ་དང་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་དངོས་ཟོག་འགྲེམས་སྐྱེལ་ལྟེ་གནས། ཁོངས་བརྒལ་གློག་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། སྐྱིད་རོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེའི་ཚོད་ལྟ་ཁུལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། (པར་ངོས་བཞི་པར་གཟིགས)(པར་ངོས་གསུམ་པར་མཐུད) སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་14བརྟན་པོའི་ངང་འཁོར་སྐྱོད་བྱས་ཏེ་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་གསར་པ་12སྒོ་དབྱེ་རྒྱུ། འགྲམ་གྲོང་རྡལ་གྱི་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་གོའི་བོད་ལྗོངས“ཧེ་མ་ལ་ཡ་སྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་དང“ཧེ་མ་ལ་ཡ་བརྒལ་བའི”རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ལེགས་པོ་གཉེར་རྒྱུ་བཅས་ཡིན།
བྱེད་ཐབས་དེ་བས་ཏན་ཏིག་སྤྱད་ནས་གསར་གཏོད་སྐུལ་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ། ཐོན་ལས་འཁོར་འབྲེལ་ལ་དམིགས་ནས་གསར་གཏོད་འཁོར་འབྲེལ་བཀོད་སྒྲིག་བྱས་ཏེ་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་འགག་སྒྲོལ་དཔེ་རིས་འགོད་རྒྱུ། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཉིང་ཁྲིའི་རྟེན་གཞི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། ཚན་རྩལ་གཙོ་གནད་ལས་འགན“ཁས་ལེན་གཙོ་འགན”ལམ་སྲོལ་བེད་སྤྱད་ནས་ཚན་རྩལ་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱ་རྒྱུ་དང་ས་མཐོར་སྤྱོད་རྒྱུར་འཚམ་པའི་འགག་རྩ་དང་ལྟེ་བའི་ལག་རྩལ་ཞིབ་འཇུག་འགག་སྒྲོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཁེ་ལས་དང་། མཐོ་སློབ། ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་གསར་གཏོད་མཉམ་འབྲེལ་གྱི་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས(རྟེན་གཞི)10ཡན་གསར་འཛུགས་བྱ་རྒྱུ། མཐོ་གསར་ལག་རྩལ་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་60གསར་སྣོན་བྱས་ནས་གསར་གཏོད་ཅན་དང་། ཆེད་ལས་ཅན། སྤུས་ལེགས་ཅན། ཁྱད་ལྡན་ཅན། གསར་ཐོན་ཅན་བཅས་ཀྱི་རྣམ་པའི་ཁེ་ལས་འབྲིང་ཆུང་110སྐྱོང་སྤེལ་དང་ངོས་གཏན་བྱ་རྒྱུ། སྣ་མང་ཅན་གྱི་ཚན་རྩལ་ལ་གྲོན་དངུལ་གཏོང་བའི་ལམ་སྲོལ་བཙུགས་ནས་ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་འཇོག་ཤུགས་སྔར་མུས་བཞིན་རྒྱུན་མཐུད་བྱ་རྒྱུ་བཅས་ཡིན།
(མུ་འགོད)

