国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月17日

སྲིད་གཞུང་གི་ལས་དོན་སྙན་སྒྲོན།

(ཚགས་པར་གོང་མར་མཐུད)

འཕར་སྣེ་གསར་པ་སྐྱོང་སྤེལ་དང་ཁུལ་ཁོངས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུའི་དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཐོག དེང་རབས་ཅན་གྱི་ཐོན་སྐྱེད་མ་ལག་འཛུགས་སྐྲུན་བྱ་རྒྱུ་དང་ཡར་ཀླུང་གཙང་པོའི་དཔལ་འབྱོར་ཁུལ་གཏོད་རྒྱུར་ཤུགས་བརྒྱབ་སྟེ། ལྷ་ས་ནས་ལྷོ་ཁའི་དབར་གྱི་གོང་འཕེལ་ལྟེ་གཙོ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་། གཞིས་རྩེ་དང་ཆབ་མདོ་ཁུལ་ཁོངས་ཀྱི་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་ནུས་པ་ཆེ་རུ་གཏོང་རྒྱུ། ཉིང་ཁྲིའི་དཔལ་འབྱོར་འཕར་སྣེ་གསར་པ་གཏོད་རྒྱུ། ནག་ཆུ་དང་མངའ་རིས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱོང་སྤེལ་བྱ་རྒྱུ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དེ་དམིགས་ཚད་དུ་བཟུང་ནས། “མངོན་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་སྤྱི་ཚོགས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བའི་གཙོ་གནད་དུ་བརྩིས་ནས་དམངས་འཚོར་ཕན་འདོགས་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། དངོས་ཟོག་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བྱེད་དགོས།

བཞི་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་དེ་མཐའ་ཚད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་རྒྱུད་ཁོངས་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། གཞི་ཁྱོན་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་སྤེལ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཅན་དུ་གང་མགྱོགས་བསྒྱུར་བ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཙམ་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཐུབ་པ་བཅས་བྱེད་དགོས།

ལྔ་ནི་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་སྲ་བརྟན་གྱི་འཕྲལ་མཁོ་དང་མཐའ་མཚམས་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་རེ་བ་ཐག་གཅོད་བྱ་རྒྱུ་དེ་འཇུག་སྒོ་དང་འགག་གནད་སྒྲོལ་སར་བརྩིས་ནས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱ་རྒྱུ་དང་། མཐའ་བརྟན་ལ་ནུས་པ་ལྡན་པ་དང་། མཐའ་དར་ལ་འདེགས་སྐྱོར་ཡོད་པ། དམངས་ཕྱུག་ལ་ཐབས་ལམ་ཡོད་པ་བཅས་ཀྱི་མཐའ་མཚམས་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་བསྐྲུན་ཐོག མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་བླ་ན་མེད་པའི་རྒྱལ་ཁོངས་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་བསྐྲུན་དགོས།

འཐུས་མི་རྣམ་པ། འཇའ་འོད་མཛུམ་བཞད་རི་ཀླུང་རྣམ་པར་བཀྲ། སྔར་མེད་ཕུན་ཚོགས་དེ་བས་ཀུན་ཡིད་འཕྲོག ད་ལྟའི་བོད་ལྗོངས་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་བྱུང་ཡོད་དེ། བདེ་འཇགས་སྲུང་བཅད་ཀྱི་ནུས་པ་དང་། འབྱུང་ཁུངས་ཐོན་ཁུངས་ཀྱི་ལེགས་ཆ། འཐབ་ཇུས་འགྲོ་ལམ་ཀྱི་གནས་བབ་བཅས་ཀྱི་ཁྱད་ཆོས་ཟམ་མི་ཆད་པར་མངོན་ཞིང་། བརྗིད་ཆེའི་འཆར་འགོད་བཞིན་ལག་བསྟར་བྱེད་འགོ་རྩོམ་བཞིན་ཡོད། ད་ལྟའི་བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཞི་མཐུན་དང་། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ། སྐྱེ་ཁམས་རྒྱུན་མཐུད་བཟང་པོ། མཐའ་སྲུང་རྒྱུན་ཆད་མེད་པར་སྲ་ཞིང་བརྟན་པ། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ཡོད། བོད་ཀྱི་འབྱུང་འགྱུར་དེ་བས་བརྗིད་རླབས་ཆེ་བ་ཞིག་ཡོང་ངེས་ཡིན་པ་དང་། གོམ་སྟབས་ཆེན་པོས་རྒྱལ་ཡོངས་དེང་རབས་ཅན་གྱི་རྗེས་ཟིན་ཐུབ་ངེས་ཡིན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་དར་རྒྱས་ཆེ་བའི་གཟི་བརྗིད་མཉམ་སྤྱོད་ཐུབ་ངེས་ཡིན་པ། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་བདེ་སྐྱིད་ཁམས་བཟང་ལོངས་སྤྱོད་ཐུབ་ངེས་ཡིན་པ། ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་ཡིན་པ་བཅས་ལ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

གསུམ། 2026ལོའི་གཙོ་གནད་ལས་དོན།

ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་ལོ་ཡིན། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་རིམ་བྱུང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱིས“མངོན་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དེ་བས་ཡག་པ་བྱ་རྒྱུ། “དོན་ཆེན་བཞི”རྒྱུན་མཐུད་དམ་འཛིན་གཏིང་ཟབ་བྱེད་པར་དམ་པོར་དམིགས་ཏེ་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ལེགས་སྒྱུར་བྱ་རྒྱུ། འཕར་ཚད་ཇེ་ལེགས་དང་གསོག་ཐེབས་ཕན་སྒྱུར་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གཏོང་རྒྱུ་དང་། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། དཔལ་འབྱོར་སྤུས་ཚད་མཐོར་གཏོང་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུ་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུ་དེ་ཡིན།

ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་7%ཡན་འཕར་བ་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་བྱེད་ཚད་15%ཡས་མས་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་7%ཡས་མས་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་7%དང་8%ཡས་མས་འཕར་བ་བྱ་རྒྱུ། གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་ལུགས་མཐུན་འཕར་སྣོན་ཡོང་བ་བྱ་རྒྱུ་བཅས་ཡིན།

གོང་གི་དམིགས་ཚད་ལ་གཞིགས་ཏེ་ལས་དོན་ཁག་བརྒྱད་གཙོ་གནད་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ།

(གཅིག) ཡུན་རིང་བདེ་འཁོད་ཡོང་རྒྱུར་གཞི་ཚུགས་ཏེ་སྤུས་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུ།

སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་འགལ་གྱི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དངོས་གཞི་ཅན་གྱི་འཁོར་བསྐྱོད་བྱས་ནས་འགལ་བ་དང་རྩོད་གཞིར་ཞིབ་བཤེར་དག་སེལ་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དྲ་རྒྱའི་སྐྱེ་ཁམས་བཅོས་སྒྲིག་གི་རྒྱུན་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གླ་ཕོགས་འགྱངས་ཆད་ཀྱི་གནད་དོན་བཅོས་སྐྱོང་མུ་མཐུད་ཡག་པོ་བྱ་རྒྱུ། དངུལ་རྩའི་ཉེན་འགོག་སྐབས་བསྟུན་གཙང་སེལ་གྱི་བྱ་སྤྱོད་ལག་བསྟར་བྱས་ཏེ་ས་ཁོངས་ཡོངས་ཀྱི་མངོན་མེད་བུ་ལོན་གཙང་སེལ་ཡག་པོ་བྱས་ཐོག ས་གནས་ཁག་གི་སྲིད་གཞུང་གི་མ་དངུལ་བསྡུ་རྒྱུག་ལས་སྟེགས་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་ཉེན་ཚབས་ནུས་ལྡན་སེལ་རྒྱུ། ས་གཤིས་དང་གནམ་གཤིས་སོགས་ཀྱི་རང་བྱུང་གནོད་འཚེར་ཞིབ་དཔྱད་ཚད་ལེན་དང་ཉེན་ཟོན་སྔོན་བརྡ། འཕྲལ་བསྟུན་རོགས་སྐྱོབ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའ་སྨན་རྫས་ཀྱི་བདེ་འཇགས་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེན་མི་ཐོན་པ་དང་བཀག་སྡོམ་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ཡིན།

མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྲ་བརྟན་གོང་འཕེལ་གཏོང་རྒྱུ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི“འཆར་གཞི་ཁག་གསུམ”ལག་བསྟར་ཤུགས་ཆེ་བྱས་ནས“ས་མཐོའི་སེ་འབྲུ་དམར་པོའི”གྲགས་རྟགས་ཡག་པོ་གཏོད་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་ཚུན་བསྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་གཏོང་རྒྱུ། “ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་གཙང་སྲུང་། ཡོན་ཚད་ལ་བརྩི་མཐོང་། ཚུལ་མཐུན་རྣམ་པ་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་བཅས་ཡིན།

(གཉིས) ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་གཞི་ཚུགས་ཏེ་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ།

སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ།  དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གློད་ཀྱི་དངུལ་ལོར་སྲིད་ཇུས་སྔར་བས་གང་ལེགས་སྤྱོད་ཐུབ་པ་དང་། སྤྱོད་གོ་འཕེར་ཐུབ་པ། ཆ་ཚང་སྤྱོད་ཐུབ་པ་བཅས་བྱ་རྒྱུ། “གཙོ་གལ་གཉིས”དང“གསར་པ་གཉིས”ཀྱི་སྲིད་ཇུས་འབྲེལ་མཐུད་དང་མངོན་འགྱུར་ཡོང་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་དང་ཆེད་དམིགས་བུ་ལོན་སོགས་རྣམ་གྲངས་ཞུ་འབུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་རྒྱུན་བསྐྱངས་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱ་རྒྱུ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དང་ནོར་སྲིད་ཁ་གསབ་སྲིད་ཇུས་ཚད་ལྡན་བཟོས་ནས་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱས་ནས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་གང་ལེགས་སྤྱོད་པ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། མ་དངུལ་བསྡུ་སྒྲིལ་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་གནད་སྨིན་ལག་བསྟར་བྱ་རྒྱུ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་གསར་པ་བེད་སྤྱོད་གཏིང་ཟབ་བྱ་རྒྱུ་བཅས་ཀྱིས་འཐབ་ཇུས་གལ་ཆེན་དང་། ཁྱབ་ཁོངས་གཙོ་བོ། ལྷུ་ཚིགས་ཉམས་ཞན་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དཔེ་གསར་གྱི་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་གཏོང་བའི་སྲིད་ཇུས་ལེགས་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་རིན་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་བཅས་ཡིན། (མུ་འགོད)