国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月17日

ཀྲོང་ཅིན་སུང་གིས་འཇོ་མདའ་རྫོང་ཐང་ཕུ་ཤང་སྐྱ་རོང་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཤིག་ཏུ་བརྩིས་ཏེ་དོན་བཟང་དང་དོན་དངོས་མི་དམངས་ཀྱི་སེམས་ནང་བསྒྲུབ་ཐུབ་པ་བྱེད་དགོས།

འདི་ནི་ཀྲོང་ཅིན་སུང་གིས་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས3ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཁྲོད་ཡོངས་བསྒྲགས་སློབ་གསོ་མཐའ་འཁྱོངས་བྱེད་པ་དང་། སྣེ་ཁྲིད་དེ་འཇོ་མདའ་རྫོང་ཐང་ཕུ་ཤང་སྐྱ་རོང་གྲོང་ཚོར་ཕེབས་ཏེ་གནས་སྡོད་རྟོག་ཞིབ་གནང་ནས་ཐབས་ཇུས་དམངས་འདྲི་དང་དགོས་མཁོ་དམངས་འདྲི་བྱས་པ་དང་། བྱིའུ་ཁོག་གཤག་དཔྱད་ལ་བརྟེན་ནས་གནད་དོན་འཚོལ་ཞིབ་དང་འཐབ་ཇུས་ཞིབ་འཇུག་གནང་ཡོད།

ཉིན་ཤས་བསྟུད་མར། ཀྲོང་ཅིན་སུང་གིས་གྲོང་སྐྱོད་དུད་འཛུལ་བྱས་ཏེ་ཏང་ཡོན་རྒན་གྲས་དང་། ལས་བྱེད་རྒན་གྲས། ཕྱུག་འགྱུར་སྣེ་ཁྲིད་པ། དཀའ་ངལ་ཡོད་པའི་དུད་ཁྱིམ་དང་ལྷན་དུ་སྤེལ་རེས་གནང་བ་དང་། གྲོང་མིའི་འཐུས་མི་གདན་དྲངས་ཏེ་བཞུགས་མོལ་ཚོགས་འདུ་འཚོགས་ནས་བསམ་འཆར་དང་གྲོས་འགོར་གསན་ཡོད། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ནི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་མཐའ་མའི་སྤྱི་ལེ་གཅིག་དེ་ཡིན་ལ། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་རང་བཞིན་གྱི་འགྲན་སྡུར་བྱེད་སྒོ་ནི་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་མཉམ་དུ་སྦྱོང་བ་དང་། མཉམ་དུ་འགྲན་སྡུར་བྱེད་པ། མཉམ་དུ་བསྒྲུབ་པ་བཅས་བྱས་ཏེ་དོན་ངོ་མའི་ཐོག་ནས་ཏང་གི་ཡང་དག་པའི་ལམ་ཕྱོགས་དེ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས་ཅེས་བསྟན།

ཐོན་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཡིན། ཀྲའོ་ཨེར་ཧྥང་རྫོང་ཡ་མོན་གནའ་ཤུལ་དང་། སྐྱ་བོ་དམངས་སྲོལ་གནས་ཚང་། ཟ་ལས་སྒར་ས། བྱེ་རྡོ་བཟོ་གྲྭ་བཅས་སུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་དང་ལས་བྱེད་མང་ཚོགས་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་གྲོས་གནང་ཡོད། ཁོང་གིས་མང་ཚོགས་ཀྱི་དོན་ཆུང་ནི་ཏང་ཨུད་སྲིད་གཞུང་གི་དོན་ཆེན་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་སེམས་ནང་བཟུང་བའི་ཁར། ཁྲག་དང་རྔུལ་ཆུ་མི་སེར་གྱི་ཆེས་དགོས་མཁོ་ཆེ་སར་གཏོར་བ་དང་། ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་པ་དང་ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཐོན་ལས་དར་རྒྱས་ཀྱིས་གྲོང་མི་ཕྱུག་འགྱུར་ཡོང་བར་བྱས་ཏེ། མང་ཚོགས་ཀྱིས་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་དགོས་ཅེས་བསྟན།

“ལོ་བརྒྱའི་ཇུས་ཆེན་དེ་སློབ་གསོར་ཐུག་ཡོད”ཞེས་པ་ལྟར། ཀྲོང་ཅིན་སུང་གིས་གཞི་རིམ་གྱི་སློབ་གསོའི་གནས་ཚུལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གིན་ཡོད། ཁོང་ཐང་ཕུ་ཤང་སློབ་ཆུང་དང་བུ་བཅོལ་ཁང་དུ་ཕེབས་ཏེ་དགེ་སློབ་ཚོ་དང་སྤེལ་རེས་གནང་ཞིང་། ཁོང་གིས་སློབ་གསོའི་ལས་དོན་པས“ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི”ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། མི་དམངས་བློ་ཡིད་ཚིམས་པའི་སློབ་གསོ་གཉེར་ཏེ་ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་པར་ཤུགས་རྒྱག་པའི་ནན་བཤད་གནང་ཡོད།

ཝ་ར་དགོན་དུ། ཀྲོང་ཅིན་སུང་གིས་ཆོས་ལུགས་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་ཞིང་། ཁོ་ཚོའི་རང་རྟོགས་ངང“ཚད་གཞི་བཞི”བརྩི་སྲུང་བྱས་ཏེ། “རྒྱལ་ཁོངས་ལ་དྲིན་ལན་འཇལ་བ་དང་སེམས་ཅན་ལ་དྲིན་ལན་འཇལ་བའི”བྱམས་བརྩེའི་ཐུགས་ཁུར་ཟབ་མོ་ཐོག་ནས་ཉམས་ལེན་དང་བློ་སྦྱོང་བྱས་ནས་ཆོས་དོན་ཆོས་ཁྲིམས་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་ཐོན་དང་མཐུན་པ་དང་། དད་སྦྱོར་ཡང་དག་ལ་བརྟེན་ནས་ལུས་ཅན་ཀུན་ལ་བདེ་བ་སྦྱིན་པ་དང་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱ་རྒྱུའི་སྐུལ་ལྕག་བཏང་ཡོད།

རྟོག་ཞིབ་གནང་རིང་། ཀྲོང་ཅིན་སུང་གིས་གྲོང་སྡོད་དང་དགོན་སྡོད་ལས་བྱེད་པ་དང་། ལས་རེས་ལས་སྒྲུབ་ཀྱི་མི་དམངས་ཉེན་རྟོག་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་གཞི་རིམ་གྱི་ལས་བྱེད་ལས་བཟོ་པ་དང་བཞུགས་མོལ་གནང་ཡོད། ཁོང་གིས་བདེ་སྐྱིད་ནི་འབད་འཐབ་ལས་བྱུང་བ་ཡིན་པས། ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“ལས་འགན་ཁག་དགུའི་འདེགས་སྐྱོར”མཐའ་འཁོར་དུ་མིག་གིས་མཐོང་ཐུབ་པ་དང་ལག་པས་རེག་ཐུབ་པའི་འཕྲལ་དོན་བསྒྲུབ་དགོས་ལ། འཁོར་ཡུན་རིང་ཞིང་དོན་ཐོག་ཏུ་འཁྱོལ་བར་དལ་བའི་རྨང་གཞི་རང་བཞིན་གྱི་ལས་དོན་ཡང་བསྒྲུབ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”བརྩི་སྲུང་ཞུ་བ་དང་། “སྲུང་སྐྱོབ་གཉིས”ལག་བསྟར་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ཁེ་དབང་དང་། འགན་འཁྲི། ལས་འགན་བཅས་ཀྱི་བྱེད་ཐབས་འབྲེལ་བར་ཡང་དག་པའི་སྒོ་ནས་ངོས་འཛིན་ཡོང་བར་སློབ་གསོས་ཁྲིད་སྟོན་བྱས་ཏེ། “ངས་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་པ་དང་། ལེགས་སྐྱེས་ཅི་ཞིག་ཕུལ་བ། ལེགས་སྐྱེས་ཅི་ཞིག་འབུལ་འོས་པ”བཅས་ལ་བསམ་བློ་མང་ཙམ་བཏང་ནས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་དང་། “ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན”པའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་གྲོང་ཁྱེར་ཡོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པར་སེམས་ནུས་གཅིག་སྒྲིལ་གྱིས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།