(ཚགས་པར་གོང་མར་མཐུད)
ལྔ་ནི་སྙིང་རུས་གཏན་འཁྱོངས་ཀྱིས་བསྒྱུར་བཅོས་ལ་དམ་འཛིན་དང་གསོན་ཤུགས་འཕེལ་བ་བྱས་པ། གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་ལ་གཅིག་གྱུར་རང་བཞིན་གྱི་ཚོད་སྐོར་བྱེད་པའི་ལམ་སྲོལ་བཟོས་ཏེ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་བཤེར་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་བཏང་ནས“ལས་ཕྱོད་ཆེ་བའི་དོན་དག་གཅིག་སྒྲུབ་པའི”དུས་ཐེངས་བཞི་པའི་གཙོ་གནད་དོན་ཚན་43ཚང་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་དང་། ཐོན་རྟག་པའི་སྲིད་དོན་ཞབས་ཞུའི་དོན་ཚན་80ལྗོངས་ནང་ཁུལ་དུ“ཀུན་སྒྲུབ”བྱ་རྒྱུ་མངོན་འགྱུར་བྱུང་བ། “དྲ་རྒྱ་གཅིག”གིས་སྡེ་གླིང་ཁག་ལ་ཁྱབ་ཐུབ་པ་བྱུང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར་619ཟིན་པ་དང་ཁེ་ལས་ཆུང་ཕྲན་ལ་ཐོག་མའི་དངུལ་བུན་སྒོར་དུང་ཕྱུར་85.3མང་དུ་ཕྱིན་པ། འཕྲུལ་སྒུལ་འཁོར་རིགས་ལ་སྣུམ་སྣོན་པའི“ལག་ཁྱེར་གསུམ”གྱི་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་མེད་པ་བཟོས་པ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་བྱས་པའི་ཁེ་ལས་ཀྱི་ཁེ་སྤོགས་10%ཡན་འཕར་བ། གཞི་གསར་སྔོན་རྩིས་ལ་བརྒྱུད་རིམ་ལྡན་པའི་བསྒྱུར་བཅོས་བྱས་ནས“2+1”གི་དེང་རབས་ནོར་སྲིད་ཀྱི་ཕྱོགས་བསྡུས་དོ་དམ་མ་ལག་མགྱོགས་མྱུར་འཛུགས་ཐུབ་པ་བྱུང་བ། “སྐལ་བཟང་མེ་ཏོག་གི་བྱ་སྤྱོད”ལག་བསྟར་གནད་སྨིན་བྱས་ནས་ཁྲོམ་འགྲེམས་ཁེ་ལས་2མང་དུ་བཏང་ཞིང་། AAAཁེ་ལས་ཐོག་མ་བཏོད་པ། གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་ཐོག་མ་བསྒྱུར་བཅོས་ལེགས་གྲུབ་བྱུང་བ། མཐའ་མིའི་ཚོང་འབྲེལ་ཁུལ་5བར་མང་དུ་བཏང་བ་དང་། སྒོ་དབྱེའི་རྫོང(ཆུད་དང་གྲོང་ཁྱེར)45བར་མང་དུ་བཏང་ཞིང་། ཚོང་དོན་རོགས་ཟླའི་རྒྱལ་ཁབ་བམ་ས་ཁུལ་155ལ་ཁྱབ་ཐུབ་པ་བྱུང་བ། 2025·ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དང“ཧི་མ་ལ་ཡ་སྐོར་བའི”ཁེ་ལས་པའི་རྒྱལ་སྤྱིའི་ཚོགས་འདུ་བདེ་བླག་ངང་འཚོགས་པ། ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་འཇོག་གྲངས་ལྡབ་འཕར་བྱུང་བ། མཚོ་བོད་ཚན་རིག་རྟོག་ཞིབ་ཚོགས་པ་ཐེངས་གཉིས་པས“ཉེར་སྤྱོད་ཀྱི་གྲུབ་འབྲས་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་200ལས་བརྒལ་བ་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་1000ལས་བརྒལ་བ། མི་སྒེར་173དང་ཚན་རྩལ་གསར་གཏོད་ཚོགས་པ་6“ཇོ་རིའི་ཤེས་ལྡན་པའི”འཆར་གཞིའི་ནང་ཚུད་པ་བཅས་ཡིན།
དྲུག་ནི་འབད་པ་ཆེར་བསྐྱེད་ཀྱིས་དམངས་འཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བ། མ་དངུལ་སྒོར་དུང་ཕྱུར་187བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག“28+10”ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.1འཕར་སྣོན་བྱུང་བ། ཞིང་འབྲོག་མང་ཚོགས་མི་ཁྲི་66གནས་སྒྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4ཟིན་པ། ལོ་འདི་གའི་མཐོ་སློབ་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་དེའི་ནང་ལྗོངས་ཕྱིའི་ལས་ཞུགས་ཀྱིས་12%ཡན་བཟུང་བ། དམངས་ཡོངས་ལ་ཁྱབ་པའི་རིམ་མང་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་གྲུབ་པ། བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་ལ་རིམ་འཕར་བྱུང་བ། ལྷ་ས་དགེ་འོས་མཐོ་རིམ་སློབ་གྲྭ་ཆེད་ཚན་ནས་དངོས་གཞིའི་སློབ་ཆེན་དུ་བསྒྱུར་ཐུབ་པ་བྱུང་བ། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་བསྐྲུན་ནས་སློབ་མ་བསྡུ་འགོ་ཚུགས་པ། ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡ་སྐོར་བའི་བོད་ལུགས་གསོ་རིག་དང་སྨན་རྫས་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུར་ཆོག་མཆན་ཐོབ་པ། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང་ནས་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་པ། “རིམ་གསུམ་ཀ་པའི”སྨན་ཁང་ས་གནས(གྲོང་ཁྱེར)བདུན་ལ་ཁྱབ་ཐུབ་པ་བྱུང་བ། 《གངས་ལྗོངས་ཀྱི་སྙན་དབྱངས》རིག་རྩལ་ལེ་ཚན་གྱིས་མི་སེམས་རབ་ཏུ་འགུལ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་རའི་ངོ་མཚར་གྱིས་གཟིགས་མོ་བའི་ཡིད་ཀྱི་དབང་པོ་དབང་མེད་དུ་འཕྲོག་པར་བྱས་པ། མ་བུ་མཚོ་གནའ་ཤུལ་ལ“རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ”ཡི་མཚན་སྙན་ཐོབ་པ། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སོགས་འགྲན་བསྡུར་གྱི་གྲགས་རྟགས་རྒྱུན་མཐུད་བཏོད་པ། རང་ལྗོངས་ཀྱི་ལུས་རྩལ་པ་རྣམས་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་ཆེན་པོ་ཁག་ནང་གཟེངས་རྟགས་111བླངས་པ་བཅས་ཡིན།
བདུན་ནི་སྐྱེ་ཁམས་སྔོན་འཇོག་གིས་མཐོ་ས་བསྐྲུན་པ་དང་མཐའ་ཚད་སྲུང་བ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་ཐབས་འདོན་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི“1+8”ལམ་ལུགས་མ་ལག་འཛུགས་སྐྱོང་བྱས་པ། དུས་ཁག་དང་པོའི་རང་སྐྱོང་ལྗོངས་4Aརིམ་པའི“སྙིགས་མེད་གྲོང་ཁྱེར”ལ་ཞིབ་དཔྱད་གཏན་འཁེལ་བྱུང་བ། ནགས་བཟོ་མུའུ་ཁྲི་148གསར་སྣོན་བྱས་པ་དེའི་ནང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་མུའུ་ཁྲི་43ཚུད་ཡོད། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་517སླར་གསོ་བཅོས་སྐྱོང་བྱས་པ། ས་ཆུ་ཤོར་བའི་ས་ཞིང་མུའུ་ཁྲི་23བཅོས་སྐྱོང་བྱས་པ། མིས་བཟོས་ནགས་ཚལ་གྱི་ཐཱན་འདུས་ལ་གཞི་གདན་བརྟག་དཔྱད་དང་ཉོ་ཚོང་བྱེད་པའི་ཚོད་ལྟ་སྤེལ་འགོ་ཚུགས་པ། ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་བཟང་འཁྱོངས་ཐུབ་པ། གཙང་ཆུ་དང་མཚེའུ་གཙོ་གྲས་དང་དེ་བཞིན་འཐུང་ཆུའི་ཆུ་འགོའི་སྤུས་ཚད་ལོན་ཚད་100%ཟིན་པ་བཅས་ཡིན།
བརྒྱད་ནི་མཐའ་དར་དམངས་ཕྱུག་གིས་རྨང་གཞི་དང་རྩ་བ་བརྟན་དུ་བཏང་བ། རིག་ལྡན་མཐའ་སྲུང་རྣམ་གྲངས་ཁག་དང་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་5Gདང་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་གྲོང་གསར་ཚང་མར་སྣུར་སྲིང་ཐུབ་པ། མཐའ་མཚམས་ཀྱི“བདེ་སྡོད་དམིགས་བསལ་གཟིགས་སྐྱོང”གློག་སྤྱོད་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ། མཐའ་མཚམས་ཡུལ་མིའི་ཁ་གསབ་ཚད་གཞི་སླར་ཡང་སྒོར་1200མཐོ་རུ་བཏང་བ། མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་ཚད་གཞི་ཅན་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱ་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བཅས་ཡིན།
འཐུས་མི་རྣམ་པ། 2025ལོའི་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་བ་དེའི་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུས་པ་མཚོན་ཡོད། འདས་ཟིན་པའི་ལོ་ལྔའི་རིང་ལ་ཕྱིར་མིག་བལྟས་ཚེ། ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱི་སྟོབས་ཆེའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མྱུར་འཕར་བྱུང་བ་བཅས་ལ་བརྟེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཕྱིར་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད།
ལོ་ལྔ་པོ་འདི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་སྨིན་བྱུང་བའི་ལོ་ལྔ་ཡིན། “ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་པའི་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་ཕེབས་ཏེ་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། མཇུག་བསྡུ་བའི་ལོར་ཁོང་སྐུ་ངོ་མས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྙིང་དབུས་སུ་བཅངས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རབ་དང་རིམ་པ་བཏོན་ནས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ཁ་གསལ་སྟོན་གནང་ཡོད། རང་སྐྱོང་ལྗོངས་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བསམ་འཆར་དང་སྲོལ་ཡིག་བཏོན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པའི་ལས་ཀའི་མ་ལག་ཆ་ཚང་ཞིག་བཟོས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། “འཛུགས་གཏོད་བཞིའི”བསམ་ཕྱོགས་ཟམ་མི་ཆད་པར་ཁ་གསལ་བཟོས་པ་དང་། ཕན་འབྲས་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
ལོ་ལྔ་པོ་འདི་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པའི་ལོ་ལྔ་ཡིན། ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་གཙོ་རྐང་དུ་བརྩིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་ནས་ས་གནས(གྲོང་ཁྱེར)ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱས་པ་དང་། རྫོང(ཆུད་དང་གྲོང་ཁྱེར)ཚང་མར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་བྱས་ཡོད། ང་ཚོས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཤིང་། ལོ་5ཡི་རིང་ཆབ་སྲིད་རང་བཞིན་དང་། ཁྱུ་ཚོགས་རང་བཞིན། གཏུམ་སྤྱོད་འཇིགས་སྐུལ་རང་བཞིན་བཅས་ཀྱི་གྱོད་གཞི་ཚབས་ཆེན་ཐོན་མེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། ང་ཚོས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དེ་ཆོས་ལུགས་ལས་དོན་གྱི་མདུན་སྐྱོད་ཁ་ཕྱོགས་སུ་བརྩིས་ཏེ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། “ཚད་གཞི་བཞིར”བརྩི་སྲུང་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་བཏང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་སྔར་བས་གཏིང་ཟབ་ཏུ་བཏང་བ་བཅས་བྱས་ཡོད།
ལོ་ལྔ་པོ་འདི་ནི་བོད་ཀྱི་གོང་འཕེལ་ལ་འགྱུར་ལྡོག་ཆེ་ཤོས་ཕྱིན་པའི་ལོ་ལྔ་ཡིན། ང་ཚོས་སྤུས་ཚད་མཐོ་བའི་གོང་འཕེལ་དེ་དུས་རབས་གསར་པའི་བསྙོན་མེད་དོན་དམ་དུ་བརྩིས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་བསྟར་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། དཔལ་འབྱོར་གྱི་གཞི་ཁྱོན་དང་། ཕན་འབྲས། གསོན་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་6.3%འཕར་བ་དང་། ལོ་ལྔའི་རིང་སྒོར་དུང་ཕྱུར་སྟོང་གཉིས་ཀྱི་སྐས་རིམ་ཚད་བརྒལ་བྱུང་བ། ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་དང་གཏོང་སྒོ་ཁག་སོ་སོར་སྒོར་དུང་ཕྱུར་300དང་སྒོར་དུང་ཕྱུར་3000ལས་བརྒལ་ཡོད། ང་ཚོས་ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་རྒྱུ་དེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་བརྩིས་ཏེ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གལ་ཆེའི་རྣམ་གྲངས་འགན་གཙང་ལེན་པའི་ལམ་སྲོལ་ལག་བསྟར་བྱས་ནས་གལ་ཆེའི་ལས་གྲྭ་འབོར་ཆེན་ཞིག་ལག་བསྟར་ཇེ་མགྱོགས་སུ་བཏང་བ་དང་། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད།
(མུ་འགོད)

