国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2026年03月06日

སློབ་སྐབས་གསར་པ། འགོ་ཚུགས་པ་གསར་པ།

རང་རེའི་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་དེ་རིང་ནས་སློབ་འགོ་ཚུགས་པ།

གྲོང་ཁྱེར་ཚོད་ལྟ་སློབ་ཆུང་དུ་ཁྱིམ་བདག་གིས་ཕྲུ་གུ་ཚོ་ཁྲིད་དེ་སློབ་གྲྭར་ལོག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ3པའི་ཚེས3ཉིན། དཔྱིད་གསར་དུས་ཆེན་མཇུག་སྒྲིལ་བ་དང་བསྟུན་ནས། རང་རེའི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གིས2026ལོའི་དཔྱིད་དུས་ཀྱི་སློབ་དུས་གསར་པ་བསུས་པ་རེད། སློབ་གྲྭ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་སེམས་དང་བསམ་པའི་ཐོག་ནས་ཕྲུ་གུ་ཚོ་ཕྱིར་སློབ་གྲྭ་ལོག་པར་རེ་སྒུག་བྱས་ཡོད།

2026ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་དང་། ཚོད་ལྟ་སློབ་ཆུང་གི་སློབ་མ་རྣམས་སློབ་དུས་གསར་པའི་རེ་བ་དང་འདུན་པ་སེམས་ལ་བརྣགས་ཏེ། གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭར་འབྱོར་ཞིང་། སློབ་གཉེར་གྱི་འགྲུལ་བཞུད་གསར་པ་ཞིག་ལ་གོམ་ཁ་བསྒྱུར་ཡོད། འབྱོར་ཐོ་འགོད་སར་སྒྲིག་ལམ་ལྡན་ལ་སློབ་གྲོགས་ཐམས་ཅད་ཁྱིམ་བདག་གི་འགྲོ་རོགས་འོག་ནས་གདོང་ལ་འཛུམ་མདངས་དང་བཅས་ཤེས་རིག་གི་དགའ་ཚལ་མ་ཡུམ་སློབ་གླིང་དུ་བསླེབས་ཡོད།

སྔ་དྲོའི་ཆུ་ཚོད་དགུ་པ་ཕྱེད་ཀའི་ཐོག་གྲོང་ཁྱེར་སློབ་ཆུང་དང་པོའི་སྒོ་འགྲམ་དུ། སློབ་མ་རྣམས་རྒྱབ་ཏུ་དཔེ་ཁུག་འཁུར་ནས་གོམ་སྟབས་ཡང་པོས་སྔར་ནས་འདྲིས་ཆ་ཟབ་པའི་སློབ་རར་འཛུལ་བ་དང་། སློབ་ཁྲིད་ཐོག་ཁང་ནང་སློབ་མ་རྣམས་བང་རིམ་ལེགས་པར་བསྒྲིགས་ནས་སློབ་དེབ་ལེན་བཞིན་མཆིས། སློབ་དེབ་སྤྲད་ཚར་རྗེས་འཛིན་གྲྭ་ཁག་གིས་བློ་འགུགས་སློབ་གསོ་དང་བདེ་འཇགས་ཀྱི་སློབ་ཚན་དང་པོ་སོགས་གཙོས་པའི་འཛིན་གྲྭའི་ཚོགས་འདུ་སྟབས་བདེ་རེ་འཚོགས་པ་རེད། གཙོ་བོར་སློབ་གྲྭའི་ནང་གི་བདེ་འཇགས་དང་ལུས་སེམས་བདེ་ཐང་། སློབ་ཚན་གྱི་སྒྲིག་ལམ་སོགས་བཤད་ནས་སློབ་མ་རྣམས་གང་མགྱོགས་སློབ་དུས་གསར་པའི་འགྲོ་འདུག་གི་དུས་ཚོད་བཀོད་སྒྲིག་ལ་གོམས་ཐུབ་པ་དང་སློབ་སྦྱོང་གི་འཚོ་བར་གོམས་འདྲིས་ཆགས་ཐུབ་པའི་མཐུན་རྐྱེན་སྦྱར་ཡོད།

གྲོང་ཁྱེར་དམའ་འབྲིང་གི་སློབ་རའི་ནང་གྲལ་དག་སྒྲིག་གཙང་དུ་མངོན་ཞིང་། སློབ་མ་རྣམས་འཛིན་གྲྭ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་དཔེ་མཛོད་ཁང་དུ་སློབ་དེབ་ལེན་པར་འགྲོ་བཞིན་མཆིས། བསྐྱར་སྦྱོང་གི་རྗེས་ཆོད་ཕྱིར་དམའ་འབྲིང་ལོ་རིམ་གསུམ་པ་ཐམས་ཅད་ད་ལྟ་ནས་སློབ་ཚན་འཚོགས་ཟིན། སློབ་ཚན་སྐབས་ལ་དགེ་སློབ་ཡོད་ཚད་གྲུང་ཤ་དོད་ལ་བརྩོན་འགྲུས་ཀྱི་གྲུ་ཆེན་ལ་ཞུགས་ནས་ཤེས་རིག་གི་རྒྱ་མཚོར་མྱུལ་བཞིན་འབྲིང་རྒྱུགས་ཀྱི་གཡུལ་ངོར་གྲབས་གཤོམ་བྱས་དང་བྱེད་མུས་ཡིན།