འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་12ཉིན།སྟེང་ཆེན་རྫོང་མི་དམངས་སྨན་ཁང་གི་120བཀོད་འདོམས་བཀོད་གཏོང་ལྟེ་གནས་ལ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་རེད།དམངས་འཚོའི་ལས་གཞི་འདི་དོན་འཁྱོལ་བྱུང་བ་དེ་ཐོག་ནས་སྟེང་ཆེན་རྫོང་གི་ཛ་དྲག་སྨན་བཅོས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་དེ་ཚད་ལྡན་ཅན་དང་རིག་ནུས་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་པ་རེད།
120བཀོད་འདོམས་བཀོད་གཏོང་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ནི་སྟེང་ཆེན་རྫོང་གིས་གཞི་རིམ་གྱི་སྨན་བཅོས་མྱུར་སྐྱོབ་ཀྱི་ཆད་སྐྱོན་སེལ་བ་དང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་འགན་ལེན་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཡིན་ལ“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དེ་བས་ཀྱང་ཡིན།
(པར་ངོས་བཞི་པར་གཟིགས)(པར་ངོས་གཉིས་པར་མཐུད) སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་འགྲིལ་རྗེས། དངོས་འཐབ་ནང་ཞུགས་པའི་ནང་སྦྱོང་བྱེད་སྒོ་ཞིག་དུས་གཅིག་ཏུ་སྤེལ་བ་རེད།ནང་སྦྱོང་གིས་གློ་བུར་དུ་སྙིང་དང་ཀླད་པའི་ཁྲག་རྩའི་ནད་དང་འགྲིམ་འགྲུལ་ལས་འཛོལ་སོགས་རྒྱུན་མཐོང་མྱུར་སྐྱོབ་ཀྱི་རྣམ་པ་སྣ་ཚོགས་ལད་མོ་བྱས་པ་དང་།བཀོད་གཏོང་ལྟེ་གནས་ཀྱིས་ཉེན་བརྡ་གཏོང་བ་དང་།ཐོན་ཁུངས་བཀོད་སྒྲིག་བྱེད་པ།སྡེ་ཚན་མང་པོས་མཉམ་དུ་ཐག་གཅོད་བྱེད་པ་བཅས་ཀྱི་ཕྱོགས་བསྡུས་ནུས་པར་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད།
“ནང་སྦྱོང་གི་ཕན་འབྲས་ལ་བལྟས་ན།སྤྱི་ཡོངས་ཀྱི་བརྡ་ལན་དུས་ཚོད་དེ་སྔ་ལས་30%ཡན་ཐུང་དུ་ཕྱིན་པ་དང་ལྷུ་ཚིགས་ཁག་སྦྲེལ་མཐུད་དེ་བས་བདེ་བླག་བྱུང་ཡོད”ཅེས་སྟེང་ཆེན་རྫོང་མི་དམངས་སྨན་ཁང་120བཀོད་འདོམས་བཀོད་གཏོང་ལྟེ་གནས་ཀྱི་བཀོད་གཏོང་པ་ལིའུ་ལི་ཏན་གྱིས་དེ་ལྟར་བཤད།ཁོང་གིས་རྣམ་པ་མང་པོའི་ནང་སྦྱོང་བྱས་པ་བརྒྱུད་ལྟེ་གནས་ཀྱི་འཕྲལ་སྡོམ་དང་ལེན་མྱུར་ཚད་དང་དངོས་འཐབ་ཐག་གཅོད་ཆུ་ཚད་ར་སྤྲོད་གང་ལེགས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ལྟེ་གནས་ཀྱིས་སྐུད་ཡོད་འཕྲིན་གཏོང་དང་།སྐུད་མེད་བཀོད་འདོམས།སྲུང་སྐར་ངེས་གནས་སོགས་ཀྱི་ལག་རྩལ་མང་པོ་བསྡུ་སྒྲིལ་བྱས་ནས་མྱུར་སྐྱོབ་བརྡ་གཏོང་དང་།རླངས་འཁོར་བཀོད་གཏོང་།མི་སྣ་མངགས་གཏོང་།ཆ་འཕྲིན་ཚུར་ལན་བཅས་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱས་ཏེ‘མཐེབ་གཅིག་གིས་བདག་སྤྲོད་དང་།མགྱོགས་མྱུར་རླངས་འཁོར་གཏོང་བ།བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག’བཅས་དངོས་འབྲེལ་ཐུབ་ཡོད”ཅེས་སྟེང་ཆེན་རྫོང་མི་དམངས་སྨན་ཁང་གི་ཏང་ཙུའི་ཧྲུའུ་ཅི་བློ་བཟང་བཀྲ་ཤིས་ཀྱིས་དེ་ལྟར་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན།ལྟེ་གནས་འདི་སྤྱོད་འགོ་ཚུགས་པ་དེས་མྱུར་སྐྱོབ་ཐོན་ཁུངས་སྤྱོད་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་། རྫོང་ཡོངས་ཀྱི“གཅིག་གྱུར་བཀོད་འདོམས་དང་།མགྱོགས་མྱུར་དང་ལེན།ནུས་ཆེའི་སྐྱོབ་བཅོས”བཅས་ཀྱི་ཛ་དྲག་སྨན་བཅོས་རོགས་སྐྱོབ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ།རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་ལ་ཁྱབ་པའི་མྱུར་སྐྱོབ་དྲ་རྒྱ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་བ། ས་མཐོའི་མང་ཚོགས་རྣམས་ལ་གློ་བུར་དུ་ཉེན་ཁ་ཆེ་བའི་ནད་གཞི་ཚབས་ཆེན་ཕོག་སྐབས་དུས་ཐོག་དང་དེ་བས་ཆེད་ལས་ཀྱི་སྨན་བཅོས་སྐྱོབ་བཅོས་ཞབས་ཞུ་འཐོབ་རྒྱུ་བཅས་ལ་ཕན་ཡག་པོ་འདོགས་རྒྱུ་རེད།

