འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ་1ཚེས་10ཉིན།ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་ཐེངས་དྲུག་པ་འཆར་ཞིང་།ཆབ་མདོ་གྲོང་ཁྱེར་གྱི་མཛོ་སྒང་དང་།སྟེང་ཆེན།ལྷོ་རོང་།བྲག་གཡབ།དཔལ་འབར་སོགས་རྫོང་གིས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།མི་དམངས་ཉེན་རྟོག་པར་གུས་འདུད་ཞུ་བ་དང་།ཉེན་རྟོག་པའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ།གཞི་རིམ་སྤྱི་བདེའི་དཔུང་ཁག་གིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་བཅས་བྱས་ཡོད།
དུས་ཆེན་གྱི་ཉིན་དེར་རྫོང་ཁག་གི་སྤྱི་བདེ་ཅུད་ཀྱིས་སྔ་རྗེས་སུ་ཉེན་རྟོག་པའི་དར་ཆ་སྒྲེང་བ་དང་།ཉེན་རྟོག་པར་ཞུགས་པའི་དམ་བཅའ་བསྐྱར་སྒྲོག་མཛད་སྒོ་འཚོགས་ཤིང་།མི་དམངས་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་རུ་སྟར་བསྒྲིགས་ནས་ཉེན་རྟོག་པའི་དར་ཆར་ཁ་ཕྱོགས་ཏེ་ཁུ་ཚུར་གཡས་པ་མཐོན་པོར་བསྒྲེངས་ནས་དམ་བཅའ་བཞག་པས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མངོན་ཡོད་པ་རེད།
“སླད་ཕྱིན། ང་ཚོས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱ་རྒྱུ་ཁྲིད་སྟོན་དུ་འཛིན་པ་དང་། ཉེན་རྟོག་པར་གཅེས་སྐྱོང་བྱ་ཐབས་ལག་ལེན་བསྟར་བ།བྱང་ཚད་མཐོ་བ་དང་སྤྱོད་ཚུལ་ལེགས་པའི་སྤྱི་བདེའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་པ་བཅས་བྱས་ནས།རང་རེའི་ས་གནས་ཀྱི་སྤྱི་བདེའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རྩ་འཛུགས་ཀྱི་འདེགས་སྐྱོར་བརྟན་པོར་བྱ་རྒྱུ་ཡིན”ཞེས་མཛོ་སྒང་རྫོང་སྤྱི་བདེ་ཅུད་ཆབ་སྲིད་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པ་བསོད་ནམས་གཡང་འཛོམས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
ཉིན་དེར།རྫོང་ཁག་གི་འབྲེལ་ཡོད་འགན་འཁུར་བས་ད་དུང་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་མངགས་གཏོང་ཁང་ཁག་ཏུ་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་སྤྱི་བདེའི་མི་དམངས་ལག་རོགས་ཉེན་རྟོག་པར་འཚམས་འདྲི་གནང་བ་དང་།ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད།
“མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ཆ་ནས། ངས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འཇོན་ཐང་ཆེ་རུ་གཏོང་བ། ཏང་དང་མི་དམངས་ཀྱི་བློ་དཀར་སྲུང་དམག་ཅིག་ཆགས་པ་བཅས་བྱས་ཏེ་མཛོ་སྒང་གི་སྤྱི་བདེའི་ལས་དོན་ལ་སྟོབས་ཤུགས་ཧུར་ཐག་འབུལ་རྒྱུ་ཡིན”ཞེས་མཛོ་སྒང་རྫོང་སྤྱི་བདེ་ཅུད་ལས་ཁུངས་ཏང་ཨུད་ཀྱི་ལས་དོན་པ་ཡཱང་ཞའོ་ཚུང་གིས་སྤྲོ་སེམས་ཆེན་པོས་དེ་ལྟར་བཤད།

