འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ1ཚེས9ཉིན་གྱི་སྔ་དྲོར།ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་།གྲོང་ཨུད་ཀྱི་རྒྱུན་ཨུ་དང་།སྒྲིག་ཨུད་ཀྱི་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན།གྲོང་ཨུད་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཝང་ཧྲི་ཡུས་ཚོགས་འདུར་ཕེབས་མ་ཟད་སྐུལ་སློང་གསུང་བཤད་ཀྱང་གནང་བ་རེད།
ཝང་ཧྲི་ཡུས་ཀྱིས་ནན་བཤད་གནང་དོན།དམིགས་ཚད་ལས་འགན་ལ་དམིགས་ནས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་།སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་གནད་སྨིན་སྤེལ་བ།བརྟན་ལྷིང་སྲུང་སྐྱོང་གི་འགག་རྩ་དང་།འཕེལ་རྒྱས་ཀྱི་གཙོ་གནད།དག་ཐེར་དོན་འཁྱོལ་བྱ་ཡུལ་བཅས་ལ་དམ་པོར་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་སྐོར་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།ཁོང་གིས།ཕྱོགས་བསྡོམས་དང་གསར་གཏོད་བྱེད་མཁས་པ་དགོས་ཏེ།གྲོང་ཨུད་སྐབས་གཉིས་པའི་སྐོར་ཞིབ་ལས་དོན་གྱི་ཉམས་མྱོང་དང་བྱེད་ཐབས་ལ་ཕྱོགས་སྡོམ་གཏིང་ཟབ་པོ་བྱེད་པ་དང་།ལག་ལེན་གྱི་ཆོས་ཉིད་ཡང་དག་འཚོལ་བ།ད་ཡོད་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ་བཅས་བྱས་ཏེ་སྐབས་གསར་པའི་སྐོར་ཞིབ་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་དགོས།སྐོར་ཞིབ་ལས་བྱེད་པས་འཐབ་ཕོད་པ་དང་འཐབ་མཁས་པའི་སྤྱོད་བཟང་རྒྱུན་འཁྱོངས་བྱས་ཏེ།ནད་ཚང་རྙེད་ཐུབ་པའི“ཤིང་རྟ་མོ”དང་།ཆབ་སྲིད་བརྟག་དཔྱད་བྱེད་མཁན“ཞིབ་དཔྱད་པ” ཉེན་བརྡ་རྒྱུན་སྒྲོག་བྱེད་མཁན“ཅོང་རྡུང་མཁན”བཅས་བྱེད་དགོས།སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་།“སྒྲིག་ཁྲིམས་ཁག་དྲུག”ལ་བརྩི་སྲུང་ནན་པོ་ཞུ་བ།སྐོར་སྐྱོད་ལ་བརྟེན་ནས་སྒེར་ཕན་གཉེར་བ་དང་།དབང་ཚད་ལས་བརྒལ་བ།གསང་བ་ཕྱི་ལ་སྒྲོག་པ་བཅས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་གཞུང་དྲང་སྤྱོད་གཙང་གི་སྐོར་ཞིབ་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ལ་སྐོར་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་།ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་དབྱང་གི་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་ཚུར་ལན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད།བློ་མཐུན་ལུའོ་ཆིང་ཝུའུ་ཡིས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་ཐོག་ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བཅུ་པའི་སྐོར་ཞིབ་ལས་དོན་སྤེལ་ཚུལ་གསན་སྐབས་གནང་བའི་གསུང་བཤད་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།《ཆབ་མདོ་གྲོང་ཨུད་སྐབས་གཉིས་པའི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་ཚོགས་ཆུང་གི་དབང་སྤྲོད་ལས་འགན་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས》ཁྱབ་བསྒྲགས་བྱས་པ་རེད།

